དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དཔལ་འབྱོར་ཚོང་དོན་དང་མི་ཆོས་རིག་གནས་མཉམ་འདྲེས་དང་སྐུལ་སྤེལ་གཏོང་རེས་ལས་ཀྲུང་གོ་དང་ཀེ་རི་སེའི་འབྲེལ་བ་འཕེལ་རྒྱས་རྒྱུན་ཆད་མེད་པར་འགྲོ་བར་སྐུལ་མ་ཐེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-12-27

    དཔལ་འབྱོར་ཚོང་དོན་དང་མི་ཆོས་རིག་གནས་མཉམ་འདྲེས་དང་སྐུལ་སྤེལ་གཏོང་རེས་བྱེད་པ་དེ་ཀྲུང་གོ་དང་ཀེ་རི་སེའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་ཏུ་གྱུར་ཡོད་ལ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡར་ངོའི་ཟླ་བཞིན་གོང་དུ་འཕེལ་བ་དེས་གོ་ལ་ཧྲིལ་པོའི་མཉམ་ལས་ལ་དཔེ་མཚོན་ཞིག་བཏོད་དེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུར་སྒུལ་ཤུགས་གསར་པ་ཞིག་བསྣན་ཡོད།

    ད་ལོའི་ཟླ་བཅུ་གཅིག་པར། ཀྲུང་གོ་དང་ཀེ་རི་སེས་མཉམ་དུ་གཉེར་བའི་འཛམ་གླིང་གནའ་གཞུང་རིག་པའི་ཚོགས་ཆེན་སྐབས་དང་པོ་པེ་ཅིང་དུ་འཚོགས་པ་དང་། ཚོགས་ཆེན་ཐོག་ཨ་ཐེན་སིར་ཀྲུང་གོའི་གནའ་གཞུང་ཤེས་དཔལ་ཞིབ་འཇུག་ཁང་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་དེས་འཛམ་གླིང་གི་གནའ་གཞུང་ཤེས་དཔལ་ཞིབ་འཇུག་སྤེལ་རེས་ལ་སྐུལ་མ་ཐེབས་ནས། མིའི་རིགས་ཀྱི་ཤེས་དཔལ་རྒྱུན་འཛིན་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བར་འབྲེལ་ཟམ་གྱི་ནུས་པ་ཐོན་རྒྱུ་རེད།

    ཀྲུང་གོ་དང་ཀེ་རི་སེའི་དཔལ་འབྱོར་ཚོང་དོན་མཉམ་ལས་བྱེད་ཤུགས་ཉིན་བཞིན་ཆེ་རུ་སོང་ནས་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་མ་ཏན་ཏིག་ཐེབས་ཤིང་། རྒྱལ་ཁབ་གཉིས་པོས་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་སྟེ་2021ལོར་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་100ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་བ་དང་། དེ་ནས་བཟུང་མུ་མཐུད་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་མ་ཟད། 2023ལོར་ཨ་སྒོར་དུང་ཕྱུར་136ཙམ་ཟིན་ཞིང་། ད་ལོའི་ལོ་སྟོད་དུ། ཀེ་རི་སེས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་23.8%འཕར་ཏེ་ཀེ་རི་སེའི་ཚོང་ཟོག་སྔར་ལས་མང་བ་ཀྲུང་གོའི་ཁྲོམ་རར་བཏོན་ཡོད། ཀྲུང་གོ་དང་ཀེ་རི་སེའི་དབར་མ་འཇོག་མཉམ་ལས་ཇེ་ཟབ་ཏུ་ཕྱིན་པ་དེས་ཀྲུང་གོའི་མ་འཇོག་ཁེ་ལས་འབོར་ཆེན་ཀེ་རི་སེར་གཞིས་ཆགས་ནས་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་ཀྱིས་ཀྲུང་གོ་དང་ཀེ་རི་སེའི་འབྲེལ་བ་འཕེལ་རྒྱས་བརྟན་པོ་འགྲོ་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་པ་དེས་ཀྲུང་གོ་དང་ཀེ་རི་སེའི་དངོས་སྒྲུབ་མཉམ་ལས་ལ་སྒུལ་ཤུགས་བསྣན་ཡོད་ལ། ཀྲུང་གོ་དང་ཀེ་རི་སེ་གཉིས་གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཡིན་པར་བརྟེན་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ལྷན་སྐྱེས་ཀྱི་བརྩེ་བ་ཟབ་མོ་ཞིག་ཡོད། ཀྲུང་གོ་དང་ཀེ་རི་སེ་རྒྱལ་ཁབ་གཉིས་པོས་གནའ་བོའི་ཤེས་དཔལ་ལ་སྲུང་སྐྱོབ་རྒྱུན་མཐུད་བྱས་ཏེ་ཕན་ཚུན་བློ་རིག་མཉམ་སྤྱོད་དང་དཔྱད་གཞིར་འཛིན་རེས་བྱས་པ་དེས་ཕྱོགས་གཉིས་པོའི་མཛའ་མཐུན་རྒྱུན་འཁྱོངས་ལ་སྒུལ་ཤུགས་འཛད་མཐའ་མེད་པ་བསྣན་ནས་ཀྲུང་གོ་དང་ཀེ་རི་སེའི་དངོས་སྒྲུབ་མཉམ་ལས་ལ་ཤེས་དཔལ་གྱི་ཉིང་བཅུད་སྦྱིན་ཡོད། སློབ་གསོའི་མཉམ་ལས་ནས་རིག་གཞུང་བགྲོ་གླེང་བར་དང་། རིག་གནས་སྤེལ་རེས་ནས་གཞོན་ནུ་འཚམས་འདྲི་བྱེད་རེས་བར་རིག་གནས་དང་། སློབ་གསོ། ཡུལ་སྐོར་སོགས་ཐད་ཀྲུང་གོ་དང་ཀེ་རི་སེའི་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་རྒྱུན་ཆད་མེད་པར་ཐོན་ཞིང་། མིག་སྔར། ཀེ་རི་སེའི་མཐོ་སློབ་ཀྱིས་ཁུང་ཙི་སློབ་གླིང་4བཙུགས་པ་དང་གོ་ལ་ཧྲིལ་པོའི“དྲ་བའི་རྒྱ་ཡིག་སློབ་ཚན”ཐོག་མར་གཉེར་བ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་ཀེ་རི་སེ་ལ་སི་ཁཱ་རུའེ་ཏེ་སི་ཐེབས་རྩ་ལྷན་ཚོགས་དང་མཉམ་ལས་བྱས་ནས། ཀེ་རི་སེའི་ཀྲུང་གོའི་ཞིབ་འཇུག་ལྟེ་གནས་བཙུགས་པ་དེས་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ལ་ལས་སྟེགས་ཤིག་བསྐྲུན་པ་མ་ཟད། ཀྲུང་གོ་དང་ཀེ་རི་སེའི་སློབ་ཆེན་མང་པོས་ཨ་ཐེན་སིར་ཀྲུང་གོ་དང་ཀེ་རི་སེའི་ཤེས་དཔལ་དཔྱད་གཞིར་འཛིན་རེས་བྱེད་པའི་ལྟེ་གནས་ཀྱང་བཙུགས་པ་རེད།

    ཀྲུང་གོ་དང་ཀེ་རི་སེས་དཔལ་འབྱོར་འཕེལ་རྒྱས་དང་རིག་གནས་རྒྱུན་འཛིན་ཐད་ཕན་ཚུན་མཉམ་འདྲེས་དང་སྐུལ་སྤེལ་ཁྲོད་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཟབ་ཏུ་རྒྱུན་ཆད་མེད་པར་འགྲོ་བར་ནུས་པ་སྦྱིན་ཡོད། དཔལ་འབྱོར་ཚོང་དོན་དང་མི་ཆོས་རིག་གནས་མཉམ་འདྲེས་དང་སྐུལ་སྤེལ་གཏོང་རེས་བྱེད་པ་དེ་ཀྲུང་གོ་དང་ཀེ་རི་སེའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་ཏུ་གྱུར། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡར་ངོའི་ཟླ་བཞིན་གོང་དུ་འཕེལ་བ་དེས་གོ་ལ་ཧྲིལ་པོར་མཉམ་ལས་ཀྱི་དཔེ་མཚོན་ཞིག་བཏོད་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུར་སྒུལ་ཤུགས་བསྣན་ཡོད།

    (རྩོམ་པ་པོ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཡོ་རོབ་ཞིབ་འཇུག་ཁང་གི་ཡོ་རོབ་དབུས་ཤར་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།