འཛུགས་སྡོམ་གལ་ཆེ་མཉམ་འཛིན་གྱིས་གྲོང་གསེབ་དར་རྒྱས་ཀྱི་བདེ་སྐྱིད་ལམ་བུ་ཤར་གཏོང་བྱས་པ།
—— ལྷོ་ཁ་གྲོང་ཁྱེར་གྱི“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”འཛུགས་སྐྲུན་ལས་དོན་སྐོར་གྱི་སྒྲིལ་གླེང་།
པར་འདི་གཉིས་ནི་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་གི་གཞུང་ལམ་ཡིན་པ་དང་། དེའི་རྒྱུད་དུ་སྦས་སྣ་གྲོང་ཚོ་དང་། ཤང་སྲིད་གཞུང་། སྟོད་པ་གྲོང་ཚོ། ཆང་ཁྱིམ་གྲོང་ཚོ་བཅས་ཡོད་ལ། ཞོར་ལ་སྡེ་ཆེན་གྲོང་ཚོ་དང་ར་མ་སྒང་གྲོང་ཚོར་ཡང་ཕན་པ་ཆེན་པོ་ཐོབ་ཡོད།
འདི་ནི་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་གཞུང་ལམ་ཡིན་པ།
ཡར་ཀླུང་གཙང་པོའི་ངོགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལྷོ་ཁའི་ས་གཞི་ཆེན་པོར། ཁོད་སྙོམས་ལ་རྒྱ་ཆེ་བའི་གྲོང་གསེབ་ཀྱི་གཞུང་ལམ་པ་ཏྲའི་རིས་ལྟར་གང་སར་ཁྱབ་པའི་ཚུལ་དེ་མཚམས་སྐུད་རིང་མོ་ཞིག་རི་ཆུ་ཀླུང་གསུམ་དབར་་གཡུ་འབྲུག་འཁྱུག་པ་ལྟར་སྣང་བ་དང་གཉིས་སུ་མ་མཆིས། ཞིང་འབྲོག་ཐོན་རྫས་བྱུར་བུར་བླུགས་པའི་རླངས་འཁོར་དག་གཞུང་ལམ་ཐོག་ཕར་འགྲོ་ཚུར་འོང་བྱེད་པར་བྲེལ་ཞིང་། ཐག་རིང་གི་ཁྲོམ་རའི་ཕྱོགས་སུ་སྐྱོད། གྲོང་མི་ཚོའི་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བ་ལས་ལྷོ་ཁ་གྲོང་ཁྱེར་གྱི“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”འཛུགས་སྐྲུན་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་གསོན་ཉམས་དོད་པོས་མངོན།
འཛུགས་སྐྲུན་གྱི་ཚ་རླབས་འཕྱུར་བ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”“འཛུགས་སྐྲུན་ཡག་པོ་དང་། དོ་དམ་ཡག་པོ། སྲུང་སྐྱོང་ཡག་པོ། གཉེར་སྐྱོང་ཡག་པོ”བཅས་བྱ་རྒྱུ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་ཏུ་བརྩིས་ནས། འཛུགས་སྐྲུན་གྱི་ཚ་རླབས་འཕྱུར་བར་བྱས།
ལོ་བཅུའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་མ་དངུལ་གྲབས་གསོག་བྱས་ཏེ། རིམ་རྩིས་བརྒྱབ་ན་གྲོང་གསེབ་ཀྱི་གཞུང་ལམ་རྣམ་གྲངས་640ལྷག་ཙམ་ལག་ལེན་བསྟར་བར་མ་དངུལ་སྒོར་དུང་ཕྱུར་90ལྷག་ཙམ་བཏང་ནས། ལམ་ཐག་སྤྱི་ལེ་3900ལྷག་ཙམ་གསར་སྐྲུན(བསྐྱར་སྐྲུན)བྱས་པ་རེད།
གསར་དུ་བསྐྲུན་པའི་གཞུང་ལམ་དག་ནི་ཕྱུག་འགྱུར་དང་། བདེ་འཇགས། སྐྱིད་སྣང་དོད་པ། སྟབས་བདེ་བཅས་ཀྱི་ལམ་བུར་བསྐྲུན་པས། ལྷོ་ཁ་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་83དང་གྲོང་ཚོ་569ཡི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིནཡོད། ཤང་དང་གྲོང་རྡལ་དང་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་41%དང་21%ནས་100%དང་93%བར་སོ་སོར་འཕར་བ་དང་། གྲོང་གསེབ་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་5261.049ནས་སྤྱི་ལེ་6864.041བར་རིང་དུ་ཕྱིན་ཏེ། ཞིང་འབྲོག་པའི་སྐྱིད་སྣང་དང་། བདེ་འཇགས་ཚོར་སྣང་། ཐོབ་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།
དོ་དམ་ཞིབ་ཚགས་བྱས་པ།
ལྷོ་ཁ་གྲོང་ཁྱེར་གྱིས“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་། དོ་དམ་གྱི་གལ་ཆེའི་རང་བཞིན་གསལ་པོར་ཤེས་ནས་རྩེ་རིམ་ཇུས་འགོད་དང་རྣམ་གྲངས་ཀྱི་ལྟ་སྐུལ་དོ་དམ་ལ་སྣང་ཆེན་བྱས་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་ལམ་ལུགས་ཀྱི་རྨང་གཞི་བརྟན་དུ་བཏང་བ་རེད།
ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་སྔ་རྗེས་སུ《གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་གྱི“ཡོངས་བསྒྲགས་བཅུའི”ལམ་ལུགས་ལག་བསྟར་ཇུས་གཞི》སོགས་སྒྲིག་སྲོལ་ལམ་ལུགས་མང་པོ་བཏོན་ཏེ། གནད་དོན་འབྱུང་རྩ་ནས་སྔོན་འགོག་དང་བཅོས་སྒྲིག་བྱས་པ་རེད།
འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཕྱོགས་བསྡུས་ཁྲིམས་འཛིན་སྒྱུར་བཅོས་ལའང་སྐུལ་འདེད་གཏིང་ཟབ་བཏང་ཞིང་། “ཅུས་དང་རུ་ཁག་མཉམ་འབྲེལ”ཕྱོགས་ཡོངས་ནས་དོན་འཁྱོལ་དང་། “ལམ་དཔོན་ལམ་ལུགས”རྒྱ་ཁྱབ་ཁྱབ་གདལ་བཏང་བས། “ལམ་དཔོན་གྱིས་གཙོ་ཁྲིད་དང་། སྡེ་ཚན་གྱིས་མཉམ་འགུལ། རིམ་དབྱེ་འགན་འཁུར། སྤྱི་ཚོགས་ཐེ་ཞུགས”བཅས་ཀྱི་ནུས་ཆེའི་དོ་དམ་ལམ་སྲོལ་ཆགས་ཡོད། ལྷུན་རྩེ་རྫོང་དུ་ལམ་དཔོན་མང་པོ་བཀོད་སྒྲིག་བྱས་ཏེ་སྤྱི་ཁྱབ་ལམ་དཔོན་ནས་གྲོང་ཚོ་རིམ་པའི་ལམ་དཔོན་བར་ཚང་མས་འབྲེལ་ཡོད་འགན་འཁྲི་འཁུར་གྱི་ཡོད། “ང་ང་ཚོའི་གྲོང་ཚོའི་ལམ་དུམ་འདིའི་ལམ་དཔོན་ཡིན་། ངས་ཉིན་ལྟར་སྐོར་ཞིབ་བྱས་ཏེ་ལམ་ཐོག་ཏུ་རྡོ་སོགས་ཡོད་མེད་དང་གཏོར་སྐྱོན་ཕོག་ཡོད་མེད་ལྟ་གི་ཡོད། གལ་ཏེ་གནད་དོན་ཤེས་ཚེ་དུས་ཐོག་ཏུ་གོང་རིམ་ལ་ཞུས་ནས་ཐག་གཅོད་བྱེད་ཀྱི་ཡོད”ཅེས་ལྷུན་རྩེ་རྫོང་གི་གྲོང་ཚོ་ཞིག་གི་ལམ་དཔོན་དབང་འདུས་ཀྱིས་བཤད། མིག་སྔའི་བར་ལྷོ་ཁར་ཁྱོན་སྤྱི་ཁྱབ་ལམ་དཔོན་12དང་རིམ་ཁག་ལམ་དཔོན་981བཀོད་སྒྲིག་བྱས་པ་དང་། ལམ་དཔོན་གྱི་སྤྱི་བསྒྲགས་བྱང་བུ་780བཙུགས་པས། མེད་པ་ནས་ཡོད་པའི་བར་དང་ཡོད་པ་ནས་ལེགས་པའི་བར་འགྱུར་ལྡོག་ཕྱིན་ཏེ། གཞུང་ལམ་ཚང་མར་ལྟ་སྲུང་ཡག་པོ་བྱེད་མཁན་ཡོད་པས་གཞུང་ལམ་གྱི་བདེ་འཇགས་དང་ཤར་གཏོང་འགན་ལེན་ཐུབ་ཡོད་པ་རེད།
བདག་སྐྱོང་དང་གཉེར་སྐྱོང་ཡག་པོ་བྱས་པ།
བདག་སྐྱོང་དང་གཉེར་སྐྱོང་བྱ་རྒྱུ་ནི“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”འཛུགས་སྐྲུན་བྱེད་པའི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་ཞིང་། ལྷོ་ཁ་གྲོང་ཁྱེར་གྱིས་དེའི་ཐད་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
མཚོ་སྣ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་ཀུང་སི་སྔོན་ལ་བཙུགས་ནས“ཁྲོམ་ར་ཅན་དང་ཁོངས་གཏོགས་ཅན”ཟུང་འབྲེལ་གྱི་བདག་སྐྱོང་བྱེད་སྟངས་ཐོག་མར་བཏོད་ཡོད། བདག་སྐྱོང་བ་ཚེ་རིང་ཕུན་ཚོགས་ཀྱིས་ཉིན་ལྟར་གཞུང་ལམ་རྒྱུད་དུ་སྐོར་ཞིབ་དང་བདག་སྐྱོང་བྱེད་ཅིང་། ཚེ་རིང་ཕུན་ཚོགས་ཀྱིས“ང་ཚོས་གཞུང་ལམ་གྱི་ལམ་ཟུར་བརྟན་པོ་ཡོང་བ་དང་། ཡུར་བུའི་ཆུ་ཡག་པོ་འབུད་ཐུབ་པ། ལམ་ངོས་གཙང་ཞིང་བདེ་བ་བཅས་ཡོང་བར་བྱེད་དགོས་ཀྱི་ཡོད། ང་ཚོའི་བདག་སྐྱོང་འོག་གཞུང་ལམ་ཇེ་ལེགས་སུ་ཕྱིན་པ་དང་གྲོང་མི་ཕྱིར་སྐྱོད་སྐབས་སྟབས་བདེ་རུ་ཕྱིན་པ་མཐོང་སྐབས་གྲུབ་འབྲས་ཆེན་པོ་ཐོབ་པའི་སྣང་བ་ཡོང་གི་འདུག”ཅེས་ཚེ་རིང་ཕུན་ཚོགས་ཀྱིས་ལམ་ཟུར་གྱི་རྩྭ་སྙིགས་ཕྱགས་ཀྱིན་དེ་ལྟར་བཤད། བདག་སྐྱོང་བས་བདག་སྐྱོང་ཞིབ་ཚགས་བྱས་པ་བརྒྱུད་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་ཐུབ་ཚད་100%ཟིན་པ་དང་། གཞུང་ལམ་གྱི་སྤུས་ཀ་ལེགས་ཚད་ལོ་རེ་བཞིན་འཕར་བ། གཞུང་ལམ་གྱི་རྣམ་པ་གསར་རྐྱང་དུ་གྱུར་པ། འཁོར་སྐྱོད་བདེ་འཇགས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།
ཟོག་འགྲེམས་འཕེལ་རྒྱས་ཀྱི་ཚོད་ལྟའི་རྫོང་ཞིག་ཡིན་པའི་ཆ་ནས་ལྷུན་རྩེ་རྫོང་གིས“འགྲིམ་འགྲུལ་མྱུར་བའི”ཟོག་འགྲེམས་མ་ལག་གི་དཔེ་མཚོན་ཧུར་ཐག་བཏོད་པས་རིམ་བཞིན་རྫོང་ཁོངས་སུ་ཁྱབ་ཡོད་པ་རེད། ཙ་རི་ཤང་དུ་དེ་སྔ་གྲོང་མི་ཚོས་སྐུར་མ་བསྐུར་བ་དང་ལེན་པར་ཐག་རིང་གི་རྫོང་གྲོང་དུ་འགྲོ་དགོས་ཀྱི་ཡོད། ད་ཆ་ཟོག་འགྲེམས་སྡེབ་སྐྱེལ་རླངས་འཁོར་གྱིས་ཐད་ཀར་རང་གི་གྲོང་ཚོར་སྐྱེལ་གྱི་ཡོད། གྲོང་མི་བཀྲ་ཤིས་ཚེ་རིང་གིས་དྲ་ཐོག་ནས་བརྙན་འཕྲིན་འཕྲུལ་ཆས་ཤིག་ཉོས་པ་དེ་ཉིན་ཁ་ཤས་ལས་མ་འགོར་བར་འབྱོར། “དེ་སྔ་ཅ་ལག་ཉོས་ན་ཉིན་མང་པོ་སྒུག་དགོས་ཀྱི་ཡོད། ད་ཆ་ཟོག་འགྲེམས་སྡེབ་སྐྱེལ་རླངས་ཆས་ཐད་ཀར་གྲོང་ཚོར་སླེབས་ཀྱི་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བཀྲ་ཤིས་ཚེ་རིང་གིས་ཟོག་འགྲེམས་ལས་རིགས་ཀྱི་འཕེལ་རྒྱས་ལ་བསྔགས་བརྗོད་ཆེན་པོ་བྱེད་ཅིང་བཤད།
ལྷོ་ཁ་གྲོང་ཁྱེར་གྱིས་དཔེ་སྟོན་སྣེ་ཁྲིད་དང་གནད་ཀྱིས་ཁྱོན་ལ་སྣེ་ཁྲིད་བྱས་པ་བརྒྱུད། གྲོང་ཁྱེར་ཡོངས་ཀྱི“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”འཛུགས་སྐྲུན་གྱི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་དང་ཁྱབ་རྒྱ་ཆེ་རུ་ཕྱིན་ཏེ། གྲོང་གསེབ་དར་རྒྱས་ཡོང་ཆེད་ལད་ཟློས་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་མཁོ་འདོན་བྱས་ནས། ས་ཁུལ་དེ་བས་མང་བ་གཞུང་ལམ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཐོག་བསྐྱོད་རྒྱུར་སྣེ་ཁྲིད་བྱས་ཡོད་པ་རེད།