བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་དུས་བདེའི་འཚོ་བ་བསྲུངས་པ།
—— ཁྲོམ་གཟིགས་ཁང་སྡེ་ཁུལ་གྱིས་མེ་ཟོན་བདེ་འཇགས་ཀྱི་གྲལ་བཤེར་ལས་དོན་སྤེལ་བ།
དགུན་དུས་ལྷ་སའི་གནམ་གཤིས་ཉིན་བཞིན་མ་འདས་པར་གྲང་དུ་སོང་བར་བརྟེན། གྲོང་མི་ཚོས་གློག་དང་མེ་སྤྱོད་ཚད་མངོན་གསལ་དོད་པོས་མང་དུ་འགྲོ་གི་ཡོད། ཁོངས་གཏོགས་ཁུལ་གྱི་མེ་ཟོན་བདེ་འཇགས་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་མེ་སྐྱོན་ལས་འཛོལ་ཐོན་རྒྱུར་སྔོན་འགོག་དང་བཀག་འགོག་ནུས་ལྡན་བྱ་ཆེད། ཉེ་དུས་ཁྲོམ་གཟིགས་ཁང་སྡེ་ཁུལ་གྱིས་བྱ་སྤྱོད་ཧུར་ཐག་སྤེལ་ནས། དྲ་མིག་ལས་དོན་པས་ཁོངས་གཏོགས་ཁུལ་དུ་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྱི་གྲལ་བཤེར་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་རེད།
བདེ་འཇགས་ནི་དོན་ཆུང་ཞིག་མིན་པས་འགན་འཁྲི་ལྷག་པར་ལྕི། གྲལ་བཤེར་བྱེད་རིང་སྡེ་ཁུལ་གྱི་དྲ་མིག་ལས་དོན་པས་ཁོངས་གཏོགས་ཁུལ་གྱི་རྩིག་ཟུར་ཚང་མར་བསྐྱོད་དེ་གྲོང་མིའི་སྒོ་ར་ཆེ་མོ་དང་། ཚོང་ཁང་། ཚོང་ར་ཆེ་གྲས་སོགས་གཙོ་གནད་ཁུལ་ཁོངས་སུ་གྲལ་བཤེར་གཏིང་ཟབ་བྱས་ཡོད། ཞིབ་བཤེར་བྱེད་རིང་མེ་ཟོན་སྒྲིག་ཆས་སྐྱོན་ཤོར་མིན་དང་། ཁ་འགྲེམས་བགྲོད་ལམ་དང་བདེ་འཇགས་ཐོན་སྒོ་ཤར་བགྲོད་ཐུབ་མིན། གློག་སྐུད་སྒེར་གྱིས་ཁྲིད་པ་དང་གང་བྱུང་ཐུད་མིན། གློག་སྐུད་རྙིང་པ་དང་སྐྱོན་ཤོར་མིན་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད།
གྲོང་མིའི་སྒོ་ར་ཆེ་མོའི་ནང་ཞིབ་བཤེར་བྱེད་རིང་། ལས་དོན་པས་གྲོང་མིར་ཡང་དག་ངང་དྲོད་རླངས་ཡོ་བྱད་དང་དྲོ་གྲང་སྙོམས་སྒྲིག་འཕྲུལ་ཆས་སོགས་དྲོད་ལེན་ཡོ་ཆས་སྤྱད་ནས། གློག་ཤུགས་ཐེག་ཚད་ཆེ་དྲགས་ཏེ་མེ་སྐྱོན་ཐོན་རྒྱུར་འགོག་དགོས་པའི་དྲན་སྐུལ་བྱས་ཡོད། དེ་དང་ཆབས་ཅིག་གྲོང་མིར་ཁྱིམ་ཚང་གི་མེ་སྐྱོན་སྔོན་འགོག་གི་ཤེས་བྱ་དྲིལ་བསྒྲགས་བྱས་ནས་དུས་བཀག་ནང་གློག་རླངས་སྒྲིག་ཆས་ལ་ཞིབ་བཤེར་བྱེད་པ་དང་། འབར་སླའི་དངོས་རྫས་གང་བྱུང་དུ་མི་འཇོག་པ། ཁ་འགྲེམས་བགྲོད་ལམ་ཤར་བགྲོད་རྒྱུན་འཁྱོངས་བྱེད་པ་སོགས་རེད།
ཁྲོམ་གཟིགས་ཁང་སྡེ་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས་ད་ཐེངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ལས་དོན་གྱིས་སྡེ་ཁུལ་གྱི་གྲོང་མི་དང་ཚོང་པའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ཏེ། མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁག་གཅིག་དུས་ཐོག་ཏུ་བསལ་བས། གྲོང་མིར་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་དགུན་དུས་ཤིག་བསྐྱེལ་བར་འགན་ལེན་ནུས་ལྡན་བྱས་ཡོད། གོམ་སྟབས་རྗེས་མར་ཁྲོམ་གཟིགས་ཁང་སྡེ་ཁུལ་གྱིས་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། མེ་ཟོན་བདེ་འཇགས་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། སྡེ་ཁུལ་གྱི་མེ་ཟོན་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་པོ་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད།