དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷུན་གྲུབ་རྫོང་གྲོང་དུ་དྲོད་རླངས་བཏང་བས་མི་སེམས་རབ་ཏུ་དྲོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-27

    ལྷུན་གྲུབ་རྫོང་གྲོང་ཁུལ་གྱི་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་རྣམ་གྲངས་ནས་ཟླ་11ཚེས་20ཉིན་ཕྱོགས་ཡོངས་ནས་གཅིག་སྡུད་དྲོད་རླངས་གཏོང་འགོ་ཚུགས་ཤིང་། ཚོད་ལྟའི་རྣམ་གྲངས་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་23.62ཟིན་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་1.35བཏང་བ།་དེའི་ཁོངས་སུ་དྲོད་རླངས་ལས་ཁུངས་དང་། ཁེ་ལས། བྱ་གཞག་ཚན་པ། ལས་ཤག བོགས་གཏོང་གཞུང་ཁང་། བོགས་གཏོང་ཁང་པ། སྨན་ཁང་། སློབ་གྲྭ གསོལ་མགྲོན་ཁང་སོགས་ཁྱབ་ཡོད། དྲོད་རླངས་མཁོ་འདོན་གྱི་དམངས་འཚོའི་འདུ་འགོད་ལག་བསྟར་བདེ་བླག་བྱུང་བ་དེས་ལྷུན་གྲུབ་རྫོང་ལ་དགུན་ཁ་དྲོ་སོབ་སོབ་ཅིག་སྐྱེལ་ཐུབ་རྒྱུ་རེད།

    ལྷུན་གྲུབ་རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། 2024ལོར་ལྷུན་གྲུབ་རྫོང་དེ་ཉིད་ལྗོངས་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་གྱི་ཆོག་མཆན་ཐོབ་པའི་གཉེར་སྐྱོང་ཚོད་ལྟའི་རྫོང་ལ་གཏན་འཁེལ་བྱས་ཤིང་། དམངས་འཚོའི་བྱ་བ་དངོས་ཏན་ཏིག་དང་ཡག་པོ་བསྒྲུབས་ནས་རྣམ་གྲངས་བདེ་བླག་ཡོང་བར་འགན་ལེན་བྱ་ཆེད། ཅུས་དེས《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁུལ་གྱི་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་ཆོག་པའི་གཉེར་སྐྱོང་ཚོད་ལྟའི་ལག་བསྟར་ཇུས་གཞིའི》བླང་བྱར་ནན་པོར་གཞིགས་ནས། རྣམ་གྲངས་ཀྱི་ལས་རིམ་དང་། སྲིད་ཇུས་ཁག བཀོལ་སྤྱོད་ཕྱོགས་སྟོན་སོགས་ཀྱི་ནང་དོན་ཁོང་དུ་ཆུད་པར་བྱས་ཏེ། སྒྲིག་འཛུགས་ཞིབ་ཚགས་ངང་ལག་ལེན་བསྟར་ནས་དུས་ཆད་ལྟར་དམིགས་ཚད་ལས་འགན་བདེ་བླག་བསྒྲུབས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།