ཧུའུ་པེ་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་ཡོན་ཡཱང་གིས།
སྣེ་གདོང་ཆུས་ཀྱི་མང་ཚོགས་ལ་བརྩེ་སེམས་བཅངས་ནས་ནད་བཅོས་སྲོག་སྐྱོབ་ཀྱི་ལས་ལ་འབད་པ།
“ལས་གནས་གང་འདྲ་ཞིག་ཏུ་སྐྱོད་རུང་སྨན་པ་ནི་ནམ་ཡང་ངའི་ཐོབ་ཐང་ཨང་དང་པོ་ཡིན”ཞེས་ད་ཆ་ཝུའུ་ཧན་གྲོང་ཁྱེར་ཅིན་དབྱིན་ཐན་སྨན་ཁང་གི་སྒྲིག་བཤེར་ལྟ་ཞིབ་ཁོའོ་ཡི་ཁོའོ་ཀྲང་དང་ཀྲུའུ་རེན་སྨན་པ་གཞོན་པ་ཡོན་ཡཱང་གིས་2016ལོའི་ཟླ་7པ་ནས་2020ལོའི་ཟླ་12པའི་བར་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་དུས་ཡུན་ལོ་བཞི་དང་ཕྱེད་ཀའི་་བོད་སྐྱོར་ཉམས་མྱོང་སྐོར་གླེང་སྐབས་དེ་ལྟར་བཤད།
བོད་སྐྱོར་བྱེད་རིང་ཡོན་ཡཱང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་འཕྲོད་བསྟེན་ཅུས་ཀྱི་ཅུས་ཀྲང་གཞོན་པ་བྱས། སྲིད་འཛིན་དོ་དམ་གྱི་ལས་གནས་སུ་ལས་ཀ་བྱས་ཀྱང་་ཁོང་གིས་ཐོག་མཐའ་བར་གསུམ་དུ་སྨན་པ་ཞིག་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་མ་བརྗེད་པར་རང་ཉིད་ལ་ལྕག་སྐུལ་བྱས་ཏེ་སྣེ་གདོང་ཆུས་ཀྱི་མང་ཚོགས་ཀྱི་བདེ་ཐང་ཡིག་ཚགས་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་། ས་གནས་དེ་གའི་མང་ཚོགས་ཀྱི་གཅོང་ནད་དང་། འགོ་ནད། ཡུལ་ནད་སོགས་དུས་ཐོག་ཏུ་གནད་ལ་འཁེལ་པོས་ཤེས་རྟོགས་བྱས་པ་དང་འབྲེལ་ཇུས་གཞི་བཟོས་ནས་མང་ཚོགས་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པ་དང་དབུལ་ལོག་གི་གནས་ཚུལ་མི་ཐོན་པའི་འགན་ལེན་བྱས་པ་རེད།
ས་གནས་དེ་གའི་སྨན་བཅོས་བྱ་གཞག་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།
ཡོན་ཡཱང་སྣེ་གདོང་ཆུས་སུ་ཐོག་མར་སླེབས་སྐབས། སྣེ་གདོང་ཆུས་མི་དམངས་སྨན་ཁང་བཙུགས་ནས་དུས་ཡུན་རིང་པོ་ཕྱིན་མེད། སྐབས་དེ་དུས་སྨན་ཁང་དེ་ཡོངས་སུ་ཆེད་ལས་ལག་རྩལ་མི་སྣ་30ཡང་ཟིན་གྱི་མེད་པས་མང་ཚོགས་ཀྱི་དགོས་མཁོ་གཏན་ནས་སྐོང་ཐུབ་ཀྱི་མེད།
དེར་བརྟེན་ཁོང་གིས་རང་འགུལ་ངང་རེ་ཞུ་བྱས་ནས་ཝུའུ་ཧན་གྲོང་ཁྱེར་ཅིན་དབྱིན་ཐན་སྨན་ཁང་ལ“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ནང་ཞུགས་རྒྱུའི་སྐུལ་སློང་བྱས། ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད“5+4+N”ཡི་སྨན་བཅོས་བོད་སྐྱོར་བྱེད་སྟངས་བཙུགས་པ་སྟེ། ཅིན་དབྱིན་ཐན་སྨན་ཁང་གི་སྨན་པ་5ཡིས་ཁ་གཏད་རོགས་སྐྱོར་བྱས་པ་དང་། རྩ་འཛུགས་པུས་མངགས་གཏོང་བྱས་པའི་སྨན་པ་4ཡིས་དུས་ཡུན་ལོ་གསུམ་རིང་བོད་སྐྱོར་བྱས་པ་མ་ཟད། སྣེ་གདོང་ཆུས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་དགོས་མཁོར་གཞིགས་ནས་ཝུའུ་ཧན་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རིགས་གཅིག་མཁས་ཅན་མང་དག་གཅིག་དུས་ཐུང་བོད་སྐྱོར་བྱེད་པར་བཏང་བ་རེད།
དེ་རྗེས་ཀྱི་ལོ་འགའི་ནང་ཅིན་དབྱིན་ཐན་སྨན་ཁང་གི་ཆེད་ལས་ལག་རྩལ་མི་སྣ་17གྱིས་སྔ་རྗེས་སུ་ཁ་གཏད་རོགས་སྐྱོར་བྱས་པ་དང་། ཝུའུ་ཧན་གྲོང་ཁྱེར་གྱི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་ནས་ཡོང་བའི་རིགས་གཅིག་མཁས་ཅན་མང་པོས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ནང་ཞུགས་པ་རེད། ཅིན་དབྱིན་ཐན་སྨན་ཁང་གིས་ད་དུང་རིན་ཐང་བསྡོམས་འབོར་སྒོར་ཁྲི་100རི་བའི་འདུས་འདྲིལ་གཞི་རྒྱུ་ཞིབ་དཔྱད་ཚད་ལེན་ཡོ་བྱད་དང་སྦྲིད་སྨན་འཕྲུལ་ཆས་ཞལ་འདེབས་བརྒྱབ་པས། སྣེ་གདོང་ཆུས་མི་དམངས་སྨན་ཁང་གི་མི་དང་དངོས་པོ་ཁ་ཐང་བའི་དཀའ་ངལ་རགས་ཙམ་བསལ་བ་རེད།
བློ་གཅིག་སེམས་གཅིག་གིས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་འགན་ལེན་བྱས་པ།
2017ལོའི་ཟླ་8པར་ལྷོ་ཁ་གྲོང་ཁྱེར་གྱི་ཡུལ་ཞིག་ཏུ་ཆུ་ཐོར་དང་འགྲམ་རྨེན་གཉན་ཚད་ཀྱི་འགོ་ནད་ཕོག་པའི་ནད་པ་ཤེས་རྟོགས་བྱུང་ཞིང་། སྨན་དོན་མི་སྣ་ཅུང་དཀོན་པ་དང་སྨན་བཅོས་ཁོར་ཡུག་ཅུང་ཞན་པའི་གནས་ཚུལ་འོག་ཡོན་ཡཱང་གིས་ས་གནས་དེ་གའི་ལས་རོགས་དང་མཉམ་དུ་ཚད་ལྡན་གྱི་འགོ་ནད་དོ་དམ་བྱེད་སྟངས་ལ་ནན་པོར་གཞིགས་ནས་ནད་ཁང་ལོགས་སུ་བཙུགས་ཏེ་འཕྲལ་མར་ནད་པ་བསྡུ་བཅོས་དང་འབྲེལ་ནད་གཞིའི་གནས་ཚུལ་ལ་ཚོད་སྐོར་དང་། ནད་ངོ་ངོས་འཛིན། སྨན་བཅོས་དང་ནད་སྐྱོང་ཇུས་གཞི་བཟོ་བ་སོགས་བྱས་པ་རེད།
ནད་པར་སྨན་བཅོས་སྔར་བས་ཡག་པོ་ཡོང་ཆེད། ཡོན་ཡཱང་གིས་ལྷན་འཛོམས་ནད་དཔྱད་མ་ལག་དུས་ཐོག་ཏུ་བཙུགས་ནས་ཝུའུ་ཧན་གྱི་སྨན་བཅོས་རིགས་གཅིག་མཁས་ཅན་དང་ཁ་པར་ནས་ལྷན་འཛོམས་ནད་དཔྱད་བྱས་ཏེ་སྨན་བཅོས་ཁྲོད་ཀྱི་དཀའ་གནད་མགྱོགས་མྱུར་ཐག་གཅོད་བྱས་པ་རེད། ཁོང་གིས་ད་དུང་ནད་གཞི་ཐོན་ཡུལ་དུ་བསྐྱོད་ནས་ལས་དོན་མི་སྣར་སྔོན་འགོག་དང་། སྨན་ཁབ་རྒྱག་པ། གྲལ་བཤེར། ལོགས་དབྱེ། དུག་སེལ་སོགས་ཀྱི་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱས་མཐར་ལོ་དེའི་ཟླ་11པའི་ཟླ་མཇུག་ཏུ་ནད་པ་ཡོངས་ཀྱི་སྐྱོབ་བཅོས་ལས་དོན་ལེགས་གྲུབ་བྱུང་བ་རེད།
“ནད་བཅོས་སྲོག་སྐྱོབ་ནི་སྨན་པའི་རང་འགན་རྩོད་མེད་ཅིག་རེད། ངས་རང་ནུས་ཡོད་རྒུས་ནད་པ་མི་རེ་ངོ་རེར་སྨན་བཅོས་ཡག་པོ་བྱེད་ཀྱི་ཡིན”ཞེས་དང་། ཁོང་གིས“གྲོང་གསེབ་ཏུ་སྐོར་སྐྱོད་སྨན་བཅོས་བྱེད་པར་སྐྱོད་རིམ་བཞིན་ས་གནས་དེ་གའི་མང་ཚོགས་ཀྱིས་རང་ཉིད་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་འདུག རང་ཉིད་ཀྱིས་ཚེ་གང་སྦྱངས་པའི་ཤེས་བྱ་དག་ལ་བརྟེན་ནས་མང་ཚོགས་ལ་ཞབས་འདེགས་མི་ཞུ་བའི་རྒྱུ་མཚན་གཞན་ཅི་ལ་ཡོད”ཅེས་བཤད།
ནམ་ཡང་སེམས་གནས་ཐུབ་པའི་སྨན་བཅོས་རུ་ཁག་ཅིག་གསོ་སྦྱོང་བྱས་པ།
ས་གནས་དེ་གར་སྨན་བཅོས་དཔུང་ཁག་ཅིག་བཙུགས་ནས་སྨན་བཅོས་འཕྲོད་བསྟེན་གྱི་ཆུ་ཚད་མཐོ་རུ་གཏོང་ཆེད། སྣེ་གདོང་ཆུས་སུ་ཚད་ལྡན་ཅན་གྱི་གྲོང་ཚོའི་འཕྲོད་བསྟེན་ཁང་འཛུགས་སྐྲུན་ལས་དོན་སྤེལ་རིང་། ཡོན་ཡཱང་གང་སར་བསྐྱོད་དེ་ས་ཆ་འདེམས་པ་དང་། མ་དངུལ་བརྩོན་ལེན། ཚད་གཞི་གཏན་འཁེལ། ལམ་ལུགས་བཟོ་བ་བཅས་བྱས་ནས་སྣེ་གདོང་ཆུས་ཀྱི་ཤང་དང་གྲོངརྡལ(ཁྲོམ་གཞུང)ཁག་ལ་འཕྲོད་བསྟེན་དང་བདེ་ཐང་གི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་བ་ཞིག་བཞག་ཡོད་པ་རེད།
འཕྲོད་བསྟེན་ཁང་བསྐྲུན་ཟིན་རྗེས་ད་དུང་ལེ་ལག་ཚང་བའི་སྦྱོང་བརྡར་དང་། དོ་དམ། དཔྱད་ཞིབ་བཅས་ཀྱི་ལམ་ལུགས་ཡོད་དགོས་པས། ཡོན་ཡཱང་གིས་གྲོང་ཚོའི་སྨན་པ་ཚོར་གོ་རིམ་ལྡན་པ་དང་ཞིབ་ཅིང་ཕྲ་བའི་སློབ་སྦྱོང་གི་འཆར་གཞི་བཟོས་ཏེ་གཅིག་གཏད་གཅིག་དང་དམར་ཁྲིད་ཀྱི་སྒོ་ནས་ས་གནས་དེ་གའི་གྲོང་ཚོའི་སྨན་པར་ཤེས་བྱ་སློབ་ཁྲིད་བྱས་པ་རེད། ལོ་བཞི་ལྷག་ཙམ་རིང་ཡོན་ཡཱང་གིས་སྨན་བཅོས་བོད་སྐྱོར་གྱི་རིགས་གཅིག་མཁས་ཅན་ཚོའི་སྣེ་ཁྲིད་དེ་གྲོང་གསེབ་སྨན་པར་གསོ་སྦྱོང་ཐེངས་38བྱས་པར་ཁྱོན་མི་ཐེངས་4100ལྷག་ཙམ་ཟིན་ཡོད་པ་རེད།
ལས་ཀའི་འཇོན་ཐང་ཆེན་པོ་ཡོད་པར་བརྟེན་2016ལོ་དང་2020ལོར་ཡོན་ཡཱང་སྣེ་གདོང་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་སྣེ་གདོང་ཆུས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར་ལ་བདམས་པ་དང་། 2019ལོའི་ཟླ4པར་ཡོན་ཡཱང་ལ་ཧུའུ་པེ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས“ཧུའུ་པེ་ཞིང་ཆེན་གྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས”སྤྲད་པ། 2019ལོའི་ཟླ་7པར་ཡོན་ཡཱང་ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“ལྷོ་ཁ་གྲོང་ཁྱེར་གྱི་ཕུལ་བྱུང་བོད་སྐྱོར་ལས་བྱེད་པར”བདམས་པ་རེད།
བོད་སྐྱོར་མཇུག་འགྲིལ་ནས་ཅིན་དབྱིན་ཐན་སྨན་ཁང་དུ་ལོག་ཏེ་ལོ་4ཙམ་སོང་ཡང་ཡོན་ཡཱང་གིས་སྔར་བཞིན་བོད་ཀྱི་མང་ཚོགས་ལ་རོགས་རམ་བྱེད་བཞིན་ཡོད། ཁོང་གིས་ཝུའུ་ཧན་བྱིས་པའི་སྨན་ཁང་དང་འབྲེལ་གཏུག་བྱས་ཏེ་སྣེ་གདོང་ཆུས་ནས་ཡིན་པའི་བཅོས་དཀའ་བའི་ནད་པ་ཞིག་བསྡུས་པ་དང་། ཝུའུ་ཧན་བོད་ལྗོངས་སློབ་འབྲིང་གི་བོད་རིགས་སློབ་མར་རོགས་པ་བྱས་ནས། ཝུའུ་ཧན་གྲོང་ཁྱེར་སྨན་ཁང་དང་པོ་སོགས་ལ་སྨན་བཅོས་བྱེད་པར་ཁྲིད་པ། སྣེ་གདོང་ཆུས་ཀྱི་སྨན་དོན་མི་སྣར་རྒྱང་ཁྲིད་མཛུབ་ཁྲིད་བྱས་པ་མ་ཟད། བོད་རིགས་སྤུན་ཟླའི་བདེ་ཐང་བློ་འདྲི་ཡང་དུས་ཐོག་ཏུ་དང་ལེན་བྱེད་ཀྱི་ཡོད་པ་རེད།