ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གིས་ནུས་རྒྱུ་གཙང་མར་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་པ།
འདི་ནི་གོ་འཇོ་ལྷ་ཐོའི་ཀྲའོ་ཝ་800ཡི་འོད་ཤུགས་རྣམ་གྲངས་རྟེན་གཞི་ཡིན་པ།
ཆབ་མདོ་གྲོང་ཁུལ་ནས་ཤར་ལྷོའི་ཕྱོགས་ཀྱི་ཀྱག་ཀྱོག་གི་རྫ་སྨར་གཞུང་ལམ་བརྒྱུད་ནས་གོ་འཇོ་རྫོང་ལྷ་ཐོ་ཤང་དུ་སླེབས་སྐབས་ཐག་རིང་ནས་རི་ཀླུང་གང་སར་ཁྱབ་པའི་སྟར་ཆགས་ཀྱི་འོད་ཤུགས་ཤེལ་ལེབ་མཐོང་བ་དེ་དག་སྔོ་ཐིང་ཐིང་གི་རྒྱ་མཚོ་ཞིག་དང་གཉིས་སུ་མ་མཆིས།
2022ལོར་ཆབ་མདོ་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་ཚུགས་པ་དང་། གོ་འཇོ་རྫོང་གིས་རང་ངོས་ཀྱི་ས་ཁོངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རི་རྒོད་ཀྱི་ཐོན་ཁུངས་སྤྱོད་མཁས་པོ་བྱས་ཏེ། གོ་འཇོ་ལྷ་ཐོའི་ཀྲའོ་ཝ་800ཟིན་པའི་འོད་ཤུགས་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་མ་ཟད། གོ་འཇོ་རྫོང་གི་དངོས་ཡོད་གནས་ཚུལ་དང་འཚམ་པའི“འབྲོག་འོད་གསབ་རེས”ཀྱི་འཕེལ་རྒྱས་རྣམ་པ་འཚོལ་ཞིབ་ཧུར་ཐག་ཀྱང་བྱས་པ་རེད།
“མིག་སྔར་རྣམ་གྲངས་ཀྱི་རྩིག་རྨང་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་དང་། སྒྲོམ་སྐྱོར་98%བཙུགས་ཟིན་པ་དང་91%སྒྲིག་སྦྱོར་བྱས་ཟིན་པ། ཆན་ཧྥུའུ་35ཡི་གློག་སྐུད་ཁྱོན་ཡོངས་ནས་ཁྲིད་ཟིན་པ། ལས་གྲྭ་གཞན་དག་ལའང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད”ཅེས་བོད་ལྗོངས་ཧྭ་གློག་ཅིན་ཧྲང་ཆབ་མདོ་ནུས་རྒྱུ་གསར་པ་ཚད་ཡོད་ཀུང་སི་ལྷ་ཐོ་འོད་ཤུགས་རྣམ་གྲངས་ཚོགས་ཆུང་གི་ལས་ཡུལ་དངོས་ཀྱི་དོ་དམ་པ་ཧྥན་ཙི་ལུང་གིས་བཤད། ཁོང་གིས་གོ་འཇོ་ལྷ་ཐོའི་ཀྲའོ་ཝ་800ཡི་འོད་ཤུཌ་རྣམ་གྲངས་ནས་སྔོན་དཔག་བྱས་ན་2025ལོར་གློག་གཏོང་རྒྱུ་ཡིན་པ་དང་སྐབས་དེར་ཆ་སྙོམས་ལོར་དྲ་ཞུགས་གློག་འབོར་ཆུ་ཚོད་ཆན་ཝ་དུང་ཕྱུར་16ཙམ་ཟིན་ནས་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་48ཙམ་གྲོན་ཆུང་ཐུབ་རྒྱུ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་130ཉུང་དུ་འགྲོ་རྒྱུ་རེད། དེ་དང་ཆབས་ཅིག ས་ཆུ་སྲུང་འཛིན་ནུས་ལྡན་ཐུབ་པ་དང་། ས་ཆ་སྔོ་འགྱུར་ཁྱབ་ཚད་ཆེ་རུ་འགྲོ་བ། ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་འགྲོ་བ། སྐྱེ་ཁམས་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པ་བཅས་བྱུང་ཡོད་ཅེས་ངོ་སྤྲོད་བྱས།
རྩ་ཆེའི་ཉི་འོད་ཐོན་ཁུངས་ལས་གོ་འཇོ་རྫོང་ལ་ནུས་རྒྱུའི་རྒྱབ་སྐྱོར་ཐོབ་ནས་ཐོན་ལས་ལ་སྐུལ་འདེད་ཐེབས་པ་མ་ཟད། ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་ཀྱང་འཕར་ཡོད། ལྷ་ཐོ་འོད་ཤུགས་གློག་ཁང་འཛུགས་སྐྲུན་བྱེད་པའི་ཁྲོད། བོད་ལྗོངས་ཧྭ་གློག་ཅིན་ཧྲང་ཆབ་མདོ་ནུས་རྒྱུ་གསར་པ་ཚད་ཡོད་ཀུང་སིས་མིག་སྔར་མ་དངུལ་སྒོར་དུང་ཕྱུར་10.18བཏང་ནས་ཞིང་འབྲོག་པ་335འཛུགས་སྐྲུན་ནང་བསྡུས་པ་དང་། རིམ་རྩིས་བརྒྱབ་ན་སྒྲིག་ཆས་བོགས་གཏོང་དང་། སྐྱེལ་འདྲེན། རྒྱུ་ཆ། ངལ་ནུས་བཅས་ལ་འགྲོ་གྲོན་སྒོར་ཁྲི་1064.18ཙམ་བཏང་ཡོད་པ་རེད། གཞན་ཡང་། བོད་ཀྱི་གསར་སྤེལ་མ་འཇོག་ཅིན་ཧྲང་འོད་ཤུགས་ནུས་རྒྱུ་ཚད་ཡོད་ཀུང་སིས་མ་དངུལ་སྒོར་དུང་ཕྱུར་14.82བཏང་ནས་ཞིང་འབྲོག་པ་294འཛུགས་སྐྲུན་ནང་བསྡུས་པར་ཞིང་འབྲོག་པར་འབབ་འཕར་སྒོར་ཁྲི་333བྱུང་བ་དང་། འཁོར་རིགས་སྐྱེལ་འདྲེན་ལས་ས་གནས་དེ་གའི་ཞིང་འབྲོག་པར་འབབ་འཕར་སྒོར་ཁྲི་227.5བྱུང་བ། ས་ཆ་དང་རྒྱུ་ཆ་ཉོ་སྒྲུབ་ཀྱི་འབབ་འཕར་སྒོར་ཁྲི་244.4བྱུང་ནས་ལྗང་མདོག་འཕེལ་རྒྱས་ཁྲོད་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕར་བ་གཉིས་ཀ་བྱུང་ཡོད་པ་རེད།
དེ་ལྟར་ཡིན་ཡང་གོ་འཇོ་རྫོང་གིས་ལྗང་མདོག་འཕེལ་རྒྱས་ཀྱི་གོམ་སྟབས་སྔར་བཞིན་སྤོ་མཚམས་བཞག་མེད། ད་ལོ་གོ་འཇོ་རྫོང་རང་སྐྱོང་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་གྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ཚོད་ལྟའི་ནང་བཅུག་ནས་ཆབ་མདོ་གྲོང་ཁྱེར་གྱི་གཅིག་སྡུད་དྲོད་རླངས་མཁོ་འདོན་ཐུབ་ཉེར་ཡོད་པའི་རྫོང་དང་ཆུས་དང་པོར་གྱུར་ཡོད། དངོས་སྒྲུབ་ཀྱི་བྱེད་ཐབས་དེས་ཐབ་དང་། དྲོད་སྙོམ་འཕྲུལ་འཁོར། གློག་གི་ཅོག་ཙེ་སོགས་ལ་བསྟེན་པའི་སྲོལ་རྒྱུན་གྱི་བྱེད་སྟངས་ལ་འགྱུར་ལྡོག་བཏང་བ་མ་ཟད། འགྲོ་གྲོན་ཆེ་ལ་ཐོན་ཁུངས་ཀྱི་ཟད་གྲོན་ཡང་ཆེ་བའི་དཀའ་གནད་ཐག་གཅོད་ཐུབ་ཅིང་། ད་དུང་མི་རྣམས་ཀྱི་འཚོ་བའི་སྤུས་ཚད་ཀྱང་མཐོ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།
སྐབས་དེར་གོ་འཇོ་རྫོང་གྲོང་ཁུལ་གྱི་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་གྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ཚོད་ལྟའི་རྣམ་གྲངས་ཀྱི་དྲོད་རླངས་མཁོ་འདོན་མདོང་ལམ་དྲ་བའི་ཨར་ལས་བྱ་ཡུལ་དུ། བཟོ་པ་ཚོས་ལས་ཡུན་ལ་དམ་འཛིན་དང་ལས་དུས་འཕར་མ་བྱས་ནས་ལས་གྲྭ་བརྟན་པོ་སྤེལ་ཐུབ་པར་འགན་ལེན་བྱེད་བཞིན་ཡོད་པ་རེད།
“མིག་སྔའི་བར་རྣམ་གྲངས་དེར་མ་དངུལ་སྒོར་དུང་ཕྱུར་3.5བཏང་བ་དང་ལས་གྲྭ་ཡོངས་ཀྱི་99%ལེགས་གྲུབ་ཟིན་ཡོད། མིག་སྔར་མདོང་ལམ་གྱི་དྲོད་སྲུང་ཨར་སྐྲུན་བྱེད་བཞིན་ཡོད་ཅིང་། གྲོང་ཁུལ་གྱི་འགྲོ་ལམ་དང་ཁུལ་ཆུང་ཁག་གི་མདོང་ལམ་ཡང་བརྒྱངས་ཟིན་པ་དང་། མཁྲེགས་འགྱུར་སླར་གསོ་98%ལེགས་གྲུབ་ཟིན་པ། དྲོད་གསོག་ཆུ་རྫིང་དུ་ཆུ་86%བརྒྱངས་ཟིན་པ། འཁྱག་འགོག་གཤེར་ཁུ་50%བརྒྱངས་ཟིན་པ་མ་ཟད། ཚ་དྲོད་ཀྱང་གསོག་བཞིན་ཡོད”ཅེས་གོ་འཇོ་རྫོང་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་མ་ཧྲེང་ཁྲང་གིས་གསར་འགོད་པར་བཤད།