ལྷུན་གྲུབ་རྫོང་ཕུ་མདོ་ཤང་གྲོང་སྡོད་ལས་དོན་རུ་ཁག་གིས“དམིགས་པ་གསུམ”ལ་བརྟེན་ནས་ལས་ཀའི་ཕན་འབྲས་ཆེ་རུ་གཏོང་བ།
དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱས་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། འདི་ལོ་ཚུན། ལྷུན་གྲུབ་རྫོང་ཕུ་མདོ་ཤང་གྲོང་སྡོད་ལས་དོན་རུ་ཁག་གི་གནས་སྐབས་ཏང་ཀྲི་པུས(གཤམ་དུ“ཕུ་མདོ་ཤང་གྲོང་སྡོད་གནས་སྐབས་ཏང་ཀྲི་པུའུ”ཞེས་བསྡུ་རྒྱུ)“ཤུགས་ཆེར་གཏོང་བ་གསུམ”དམ་འཛིན་བྱ་གཞིར་བྱས་ཏེ་སློབ་སྦྱོང་གསོ་སྦྱོང་དང་། གནད་དོན་ཕྱོགས་སྟོན། གྲོང་སྡོད་དོ་དམ་བཅས་ཕྱོགས་གསུམ་ལ་དམིགས་ནས་གྲོང་སྡོད་ལས་དོན་གྱི་ཕན་འབྲས་ཆེ་རུ་བཏང་སྟེ། གྲོང་གསེབ་དར་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་རམ་འདེགས་བྱས་པ་རེད།
སློབ་སྦྱོང་དང་གསོ་སྦྱོང་ལ་དམིགས་ཤིང་། ཕུ་མདོ་ཤང་གྲོང་སྡོད་གནས་སྐབས་ཏང་ཀྲི་པུས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གྲོང་གསེབ་དར་རྒྱས་དང་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་སོགས་ཀྱི་ནང་དོན་ལ་གཞིགས་ནས་ཆེད་དོན་གསོ་སྦྱོང་བྱེད་པ་དང་། 《ལྷ་སའི་མི་ཕྱུགས་ལོགས་དབྱེའི་ལས་ཀའི་ལག་དེབ》དང《གྲོང་གསེབ་དར་རྒྱས་ཀྱི་ཤེས་དགོས་པའི་ཤེས་བྱ》སོགས་བཀྲམ་པ། གྲོང་སྡོད་ལས་དོན་རུ་མི་སྒྲིག་འཛུགས་ཀྱིས་ལྷུན་གྲུབ་རྫོང་གི་གཞི་རིམ་བཅོས་སྐྱོང་གི་དཔེ་མཚོན་དཔེ་སྟོན་གྲོང་ཚོར་ལྟ་སྦྱོང་བྱེད་པ། རེས་མོས་ངང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ། འཕེལ་རྒྱས་ཀྱི་བསམ་ཕྱོགས་སྤེལ་རེས་བྱེད་པ། ཉམས་མྱོང་དང་བྱ་ཐབས་དཔྱད་གཞིར་འཛིན་པ་བཅས་བྱས་ནས། གྲོང་སྡོད་ལས་བྱེད་པའི་ལས་ཀའི་འཇོན་ཐང་ཆེ་རུ་དང་ལག་ལེན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་རེད།
གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུར་དམིགས་ཤིང་། མང་ཚོགས་ཀྱི“སེམས་ནང་གི་དོན་དག”དེ་གྲོང་སྡོད་ལས་བྱེད་པའི“བསམ་བློ་གཏོང་སའི་དོན་དག”ལ་བརྩིས་ནས་ཕུ་མདོ་ཤང་གྲོང་སྡོད་གནས་སྐབས་ཏང་ཀྲི་པུས་གྲོང་སྡོད་རོགས་སྐྱོར་ལས་དོན་རྒྱུན་མཐུད་སྤེལ་ཏེ་ལས་དོན་རུ་ཁག་ཁག་གིས“རྒན་གྲས་གསུམ”དང་། གཙོ་གནད་མི་ཚོགས། མ་མཐའི་འཚོ་བ་འགན་སྲུང་དུད་ཚང་། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་འཚམས་འདྲི་བྱས་པ་དང་འབྲེལ། དམངས་ཕན་སྲིད་ཇུས་ཁག་དྲིལ་བསྒྲགས་དང་དབུལ་ལོག་སྔོན་འགོག་ལྟ་ཞིབ་སོགས་ཀྱི་རྒྱུན་གཏན་ལས་དོན་ཡག་པོ་བསྒྲུབས་པའི་རྨང་གཞིའི་ཐོག་མང་ཚོགས་ཀྱི་སེམས་ཁྲལ་བྱེད་ས་དང་། སུན་སྣང་བྱེད་ས། སེམས་ནད་ཆེ་ས་བཅས་ལ་དམིགས་ནས་གནད་དོན་གྱི་གསལ་ཐོ་བཟོ་བ་དང་། རང་འགུལ་ངང་གོང་རིམ་ལ་རྣམ་གྲངས་ཀྱི་མ་དངུལ་རེ་ཞུ་བྱས་ཏེ་འཐུང་ཆུ་དང་། འགྲིམ་འགྲུལ། སློབ་གསོ། སྨན་བཅོས། སྡོད་ཁང་སོགས་ཐད་ཀྱི་དཀའ་ངལ་ཐག་གཅོད་གང་ཐུབ་བྱས་པ་རེད།
གྲོང་སྡོད་དོ་དམ་ལ་དམིགས་ཤིང་། ཕུ་མདོ་ཤང་གྲོང་སྡོད་གནས་སྐབས་ཏང་ཀྲི་པུས་གྲོང་སྡོད་སྒྲིག་ཁྲིམས་ཀྱི་བླང་བྱ་ནན་པོ་སྲུང་བ་དང་། གྲོང་སྡོད་ལས་དོན་བཀོད་གཏོང་ཚོགས་འདུ་འཚོགས་ནས་གྲོང་སྡོད་ལས་དོན་ལ་ལྷག་པའི་གནད་དོན་དུས་ཐོག་ཏུ་རྫོང་གྲོང་སྡོད་གཞུང་དོན་ཁང་ལ་ལན་སྤྲོད་པ་དང་། གྲོང་སྡོད་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ། གྲོང་ཚོ་ཨུ་ལྷན་གྱི་རྨང་གཞིའི་སྒྲིག་བཀོད་མཐུན་སྦྱོར་ཉམས་གསོ་དང་གཞུང་དོན་སྒྲིག་ཆས་ཐག་གཅོད་བྱེད་པ། གྲོང་སྡོད་ལས་བྱེད་པའི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་ཚད་གཞི་མཐོ་ཤོས་ངང་སེལ་བ་བཅས་བྱས་ཏེ་སེམས་ནུས་མང་ཙམ་འདོན་པ་དང་། སེམས་ཁུར་མང་ཙམ་བྱེད་པ། ནུས་ཤུགས་མང་ཙམ་འདོན་པ་བཅས་ཀྱིས་གཞི་རིམ་གྱི་འཐབ་ས་དང་པོར་བྱས་རྗེས་འཇོག་ཐུབ་པ་བྱས་ཡོད།