དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དམངས་སྲོལ་ཁྲོམ་གཞུང་རྙིང་པའི་འགྱུར་ལྡོག་གསར་པ།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་ཀོང་པོའི་དམངས་སྲོལ་ཁྲོམ་གཞུང་ལ་བཅོས་སྒྲིག་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-26

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་གནས་པའི་ཀོང་པོའི་དམངས་སྲོལ་ཁྲོམ་གཞུང་ནི་2004ལོར་བསྐྲུན་པ་དང་། དེ་སྔའི་ཉིང་ཁྲི་རྫོང་གི་འབྱོར་འབྲིང་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་པའི་ཆ་ནས་བསྡོམས་དངུལ་སྒོར་ཁྲི་5060བཏང་བ་རེད། སྔོན་ཆད་དེ་ནི་ཀོང་པོའི་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་འཁྲུག་ཆ་དོད་པའི་ཁྲོམ་གཞུང་ཞིག་ཡིན་མོད། འོན་ཀྱང་དོ་དམ་ཡག་པོ་མ་བྱུང་བ་སོགས་ཀྱིས་རྐྱེན་པས་རིམ་བཞིན་ཉམས་རྒུད་དུ་གྱུར། དེར་བརྟེན་བྲག་ཡིབ་ཆུས་ཨུད་དང་། ཆུས་སྲིད་གཞུང་། པད་མ་སྒང་ཁྲོམ་གཞུང་དོན་གཅོད་ཁང་བཅས་ཀྱིས་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱས་པ་བརྒྱུད། ད་ཆ་ཀོང་པོའི་དམངས་སྲོལ་ཁྲོམ་གཞུང་གི་རྣམ་པ་གསར་རྐྱང་དུ་གྱུར་ནས་གསོན་ཤུགས་རབ་ཏུ་འཕེལ་བཞིན་ཡོད།

    ཀོང་པོའི་དམངས་སྲོལ་ཁྲོམ་གཞུང་ལ་དེ་ལྟ་བུའི་འགྱུར་ལྡོག་བྱུང་བར་སྤྱི་ཚོགས་ལས་རིགས་ཁག་དང་རིམ་ཁག་སྲིད་གཞུང་གི་འགོ་ཁྲིད་ཀྱིས་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད།

    ཀོང་པོའི་དམངས་སྲོལ་ཁྲོམ་གཞུང་གི་བཙོག་ཟིང་ཞན་གསུམ་གྱི་རྣམ་པར་འགྱུར་ལྡོག་མཐར་ཕྱིན་བཏང་ནས། དེ་སྔའི་འཁྲུག་ཆ་དོད་པའི་རྣམ་པ་སླར་གསོ་བྱ་ཆེད། བྲག་ཡིབ་ཆུས་ཨུད་དང་ཆུས་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་པད་མ་སྒང་ཁྲོམ་གཞུང་དང་འབྲེལ་ཡོད་ཚན་པའི་འགན་འཁུར་བ་སྒྲིག་འཛུགས་ཐེངས་མང་བྱས་ཏེ། ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱེད་པར་བསྐྱོད་ནས། འབྲེལ་ཡོད་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་པ་རེད།

    བརྟག་ཞིབ་ལས་ཤེས་རྟོགས་བྱུང་བར། ད་ཕན་ལོ་ཤས་རིང་། སྡེ་ཚན་དང་ཚན་པ་ཁག་གཅིག་གི་འགན་ནུས་བརྗེ་རེས་བྱས་པའི་དབང་གིས་ཀོང་པོའི་དམངས་སྲོལ་ཁྲོམ་གཞུང་གི་དོ་དམ་ལ་ལྟ་འདོམས་གནད་ལ་མི་འཁེལ་བ་དང་ཞབས་ཞུའི་ནུས་པ་ཞན་དུ་ཕྱིན་པ་སོགས་ཀྱི་གནད་དོན་ཐོན་པ་དང་། ལྷག་པར་དུ། 2019ལོའི་རྗེས་སུ། ཁྲོམ་གཞུང་འཕེལ་རྒྱས་ཡག་པོ་མ་བྱུང་བའི་དབང་གིས་ཁང་བདག་མང་པོས་ཁང་གླ་ཁེ་པོ་བྱས་ནས་འཛུགས་སྐྲུན་རྒྱུ་ཆ་དང་། རླངས་འཁོར་ཉམས་བཟོ། ཟ་ཁང་སོགས་གཉེར་མཁན་གྱི་ཁེར་རྐྱང་ཚོང་དུད་ལ་ཁང་པ་བོགས་མར་བཏང་བ་རེད། འོན་ཀྱང་། ཚོང་དུད་མི་ཉུང་བ་ཞིག་གི་ཞབས་ཞུའི་འདུ་ཤེས་ཞན་པའི་དབང་གིས་རྟག་ཏུ་ས་ཆ་གང་བྱུང་དུ་བཟུང་བ་དང་། གང་བྱུང་དུ་དངོས་ཟོག་ཕུང་གསོག་རྒྱག་པ་སོགས་བྱེད་པའི་ཁར། ཁྲོམ་གཞུང་དུ་སྡེ་ལས་དང་ཁང་བདག་ཨུ་ཡོན་ལྷན་ཁང་མེད་པ་དང་། དོ་དམ་ཞབས་ཞུའི་སྒྲིག་སྲོལ་འཐུས་སྒོ་ཚང་པོ་མེད་རྐྱེན་གནད་དོན་དང་འགལ་ཟླ་སྣ་ཚོགས་བསྟུད་མར་ཐོན་ཡོད།

    ཁྲོམ་གཞུང་གི་རྣམ་པར་འགྱུར་ལྡོག་མཐར་ཕྱིན་གཏོང་ཆེད། ད་ལོ་ནས་བཟུང་། བྲག་ཡིབ་ཆུས་ཨུད་དང་ཆུས་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག པད་མ་སྒང་ཁྲོམ་གཞུང་གིས་ཀོང་པོའི་དམངས་སྲོལ་ཁྲོམ་གཞུང་བཅོས་སྒྲིག་ལས་དོན་གྱི་ཆེད་དོན་ཚན་ཁག་བཙུགས་ཏེ། ཉིང་ཁྲི་གྲོང་ཁྱེར་དང་བྲག་ཡིབ་ཆུས་ཀྱི་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་བྱས་ནས། བཅོས་སྒྲིག་ལས་དོན་རབ་དང་རིམ་པ་སྤེལ་འགོ་བཙུགས་པ་རེད།

    ཁོར་ཡུག་བཅོས་སྒྲིག་ཐད། པད་མ་སྒང་ཁྲོམ་གཞུང་གིས་སྔ་རྗེས་སུ་ཁོར་ཡུག་འཕྲོད་བསྟེན་གྱི་གྲལ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོའི་བྱེད་སྒོ་ཐེངས་11སྤེལ་ནས། དམངས་སྲོལ་ཁྲོམ་གཞུང་དུ་ཕུང་གསོག་ཐེབས་པའི་གད་སྙིགས་ཁྱོན་ཡོངས་ནས་གཙང་སེལ་དང་། རྩྭ་ངན་འཐུ་བ། ལྕང་མར་ཡལ་བཞུར་རྒྱག་པ་བཅས་བྱས་པ་དང་འབྲེལ། ཚོང་ཁང་ཁག་དང་སྒོ་འགྲམ་གྱི“འགན་གཙང་བཞིའི”འགན་འཁྲིའི་གྲོས་མཐུན་ཡི་གེ་187བཞག་པ་དང་། རྩྭ་ངན་སྐྱེ་ས་ཁག་52གཙང་སེལ་བྱས་པ། འཚོ་བ་དང་འཛུགས་སྐྲུན་གྱི་གད་སྙིགས་ཏུན་10ལྷག་ཙམ་དབོར་བ་རེད། བྲག་ཡིབ་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་ལ་གཞོགས་འདེགས་ཧུར་ཐག་བྱས་ནས། སྔ་རྗེས་སུ་ཆེད་མི་ཐེངས་15བཀོད་སྒྲིག་བྱས་ཏེ་ཁྲོམ་གཞུང་དུ་ས་ཆ་གང་བྱུང་བཟུང་བ་དང་ཚོང་ཟོག་གང་བྱུང་སྤུངས་པ་སོགས་ཀྱི་སྣང་ཚུལ་གཙོ་གནད་དུ་བཅོས་སྒྲིག་བྱས་ནས། “ཟང་ཟིང་བཞིའི”བྱེད་སྤྱོད་སྤེལ་མཁན་ཚོང་དུད་86ལ་ཁ་ཏ་བསླབ་བྱ་བྱས་ཏེ། སྒྲིག་འགལ་སྐྲུན་དངོས་3བཤིག་པ་དང་གད་སྙིགས་དང་ཛར་ཛོར་སྤུངས་ཁུལ་50ལྷག་ཙམ་ལ་གཙང་སེལ་བྱས་པ་རེད།

    བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བའི་ཐད། པད་མ་སྒང་ཁྲོམ་གཞུང་གིས་སྔ་རྗེས་སུ་བྲག་ཡིབ་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་དང་མཐུན་སྦྱོར་ཐེངས་བཞི་བྱས་ཏེ། འབར་སླ་བའི་དངོས་པོ་གང་བྱུང་སྤུངས་པ་དང་། གློག་སྐུད་གང་བྱུང་ཁྲིད་པ། མེ་ཟོན་འགྲོ་ལམ་བཀག་པ་སོགས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་བྱས་ཏེ། མངོན་མེད་རྐྱེན་ངན་ཁུལ་ཁག་30ལྷག་ཙམ་ལ་བཅོས་སྒྲིག་བྱས་པ་རེད།

    རླངས་འཁོར་ལ་དོ་དམ་བྱེད་པའི་ཐད། བྲག་ཡིབ་ཆུས་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་མཐུན་སྦྱོར་གྱིས་སྔ་རྗེས་སུ་ས་གནས་ས་ཐོག་ཏུ་ཐེངས་གཉིས་བསྐྱོད་དེ། རླངས་འཁོར་ཚོང་ཁང་8ཀྱིས་འགྲོ་ལམ་བཟུང་ནས་རླངས་འཁོར་བཞག་པ་དང་། སྣུམ་སྙིགས་གང་བྱུང་དུ་བཤོས་པ། འགྲོ་ལམ་གྱི་སྒྲིག་ཆས་ལ་གཏོར་སྐྱོན་བཟོས་པ་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཏེ། གནད་དོན་ཁག་6ལ་འཕྲལ་དུ་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    དེ་དང་ཆབས་ཅིག པད་མ་སྒང་ཁྲོམ་གཞུང་གིས་ཕྱོགས་གསུམ་པའི་སྡེ་ལས་ཀུང་སིར་འབྲེལ་གཏུག་ཧུར་ཐག་བྱས་ནས་དེ་གར་བཅའ་སྡོད་བྱེད་པའི་གྲོས་བསྡུར་བྱས་པར། ད་བར་སྡེ་ལས་ཀུང་སི་4བཅའ་སྡོད་བྱེད་རྩིས་ཡོད་པ་རེད། དེའི་རྨང་གཞིའི་ཐོག ཀོང་པོའི་དམངས་སྲོལ་ཁྲོམ་གཞུང་གི་ཁང་བདག་ཨུ་ཡོན་ལྷན་ཁང་འཛུགས་པའི་ལས་དོན་གྲ་སྒྲིག་ཧུར་ཐག་བྱས་ཡོད། མིག་སྔའི་བར། ཀོང་པོའི་དམངས་སྲོལ་ཁྲོམ་གཞུང་གི་ཁང་བདག་ཨུ་ཡོན་ལྷན་ཁང་འཛུགས་པའི་ལས་དོན་ལེགས་གྲུབ་ཟིན་ནས། ཁང་བདག་ཨུ་ཡོན་ལྷན་ཁང་བཅའ་སྡོད་བྱེད་པའི་ལས་དོན་ལ་མཐུན་སྦྱོར་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།