དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཀོང་ཏུང་ཞིང་ཆེན་གྱི་ཁག་བདུན་པ་དང་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་ཝུའུ་ཀྲེན་ཀྲུའུ་ཡིས་བོད་སྐྱོར་ལོ་དྲུག་རིང་སློབ་གསོའི་ལས་དོན་ལ་ལེགས་སྐྱེས་ཆེན་པོ་ཕུལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-26

    2013ལོར་ཝུའུ་ཀྲེན་ཀྲུའུ་ཡིས་བོད་སྐྱོར་གྱི་ཆབ་སྲིད་འགན་འཁྲི་ཁུར་ནས་བོད་སྐྱོར་ལག་ལེན་ནང་ཧུར་ཐག་ཞུགས་ཡོད། 2019ལོར་ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི་འགན་སེམས་བཅངས་ནས་རང་འགུལ་ངང་བོད་སྐྱོར་ལ་ཐེངས་གཉིས་པ་འགྲོ་རྒྱུའི་རེ་འདུན་ཞུས་ཏེ་བཟའ་ཟླ་དང་། དམའ་འབྲིང་ལོ་རིམ་དང་པོ་འགྲིམ་བཞིན་པའི་བུ། ལོ་གཉིས་ལྷག་ཙམ་ལ་སླེབས་པའི་བུ་མོ་བཅས་ཁྲིད་དེ་གངས་ལྗོངས་ས་མཐོར་ཡོང་ནས་ཉིང་ཁྲི་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་གཞོན་པའི་འགན་ཁུར་ཏེ“ཁྱིམ་ཚང་ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས།

    ཝུའུ་ཀྲེན་ཀྲུའུ་ནི་འབུམ་རམས་པའི་ཞིབ་འཇུག་སློབ་མ་ཡིན་པ་དང་། ད་ལྟ་ཀོང་ཏུང་ཞིང་ཆེན་སློབ་གསོ་རྒྱུགས་སྤྲོད་ཁང་གི་རྒྱུགས་གཞི་ཁྲུའུ་ཡི་ཁྲུའུ་ཀྲང་ཡིན་ཞིང་། བོད་སྐྱོར་ཐེངས་གཉིས་རིང་ཁོང་གིས་སྔ་ཕྱི་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་བོད་སྐྱོར་གྱི་སྙིང་སྟོབས་དར་སྤེལ་བཏང་ནས“མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། ཇི་ལྟར་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”བཅས་ཀྱི་རྩ་བའི་ལས་འགན་ལ་དམིགས་ཏེ་མི་དམངས་བློ་ཡིད་ཚིམས་པའི་སློབ་གསོ་ཡག་པོ་གཉེར་བའི་འགན་འཁྲི་དང་ལས་འགན་ལག་ལེན་ཧུར་ཐག་བསྒྲུབས་པ་རེད།

    “དམངས་འཚོའི་བོད་སྐྱོར”དང“རིག་སྟོབས་བོད་སྐྱོར”མཉམ་འདྲེས་འཚོལ་ཞིབ་བྱས་པ།

    ཁག་བདུན་པའི་བོད་སྐྱོར་བྱེད་རིང་། ཀོང་ཏུང་གི་སྤུས་ལེགས་སློབ་གྲྭ་28སྐུལ་སློང་བྱས་ནས་ཉིང་ཁྲིའི་སློབ་གྲྭ་དང་ཆ་སྒྲིག་རོགས་སྐྱོར་བྱས་པ་ནས་ཁག་དགུ་པའི་བོད་སྐྱོར་བྱེད་རིང་ཀོང་ཏུང་གི་གྲགས་ཅན་སློབ་གྲྭ་165དང་ཉིང་ཁྲིའི་སློབ་གྲྭ་115དབར་མཐུན་སྦྱོར་བྱས་ནས་མཛའ་གྲོགས་སློབ་གྲྭ་བཙུགས་པའི་བར་དང་། མཐོ་སློབ་1དང་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་དབར“སློབ་གྲྭ་དང་ས་གནས་མཉམ་སྐྲུན”གྱི་གྲོས་མཐུན་འཇོག་པར་སྐུལ་འདེད་བཏང་བ་ནས་ཀོང་ཏུང་གི་མཐོ་སློབ་15ཡིས་སློབ་ཆེན་སློབ་མ་743བདམས་ཏེ་ཉིང་ཁྲི་གྲོང་ཁྱེར་དང་། རྫོང་། གྲོང་གསེབ་བཅས་ཀྱི་སློབ་གྲྭར་སློབ་སྐྱོར་བྱེད་པར་བཏང་བ་རེད།

    གྲུབ་འབྲས་རེ་རེའི་བརྒྱབ་ཏུ་ཝུའུ་ཀྲེན་ཀྲུའུ་ཡིས་འབད་བརྩོན་ལྷོད་མེད་བྱས་ཡོད། བོད་སྐྱོར་རིང་ཝུའུ་ཀྲེན་ཀྲུའུ་ཡིས་སློབ་གསོའི་བོད་སྐྱོར་དང་། དམངས་འཚོའི་བོད་སྐྱོར། རིག་སྟོབས་བོད་སྐྱོར་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མཉམ་སྐྲུན་གྱི་ཕུགས་ཕན་ལམ་སྲོལ་གཏིང་ཟབ་ཏུ་བཏང་སྟེ་ཐོག་མཐའ་བར་གསུམ་དུ་སློབ་གསོ་འཕེལ་རྒྱས་ཀྱི་གཅིག་མཐུན་ཚོགས་པ་འཛུགས་པར་གཞོལ་ཡོད།

    “གསར་བརྗེའི་སློབ་གསོ་དང་རིག་ལྡན་སློབ་གསོ”ཟུང་དུ་འབྲེལ་བའི་སྤུས་རྟགས་བཏོད་པ།

    “ཉིང་ཁྲིའི་སློབ་མ་ཚོར་སྤུས་ལེགས་ཀྱི་སློབ་གསོ་ལོངས་སྤྱོད་དེ་བས་ལེགས་པ་ཐུབ་པ་དང་ཤེས་བྱར་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་གཏོང་དགོས”ཞེས་པ་དེ་ནི་ཝུའུ་ཀྲེན་ཀྲུའུ་ཡིས་ཐོག་མཐའ་བར་གསུམ་དུ་སེམས་ནང་བརྟན་པོར་བཅངས་པའི་འགན་འཁྲི་ཞིག་རེད།

    ཁོང་གིས“གསར་བརྗེའི་སློབ་གསོ་དང་རིག་ལྡན་སློབ་གསོ་ཟུང་དུ་འབྲེལ་བའི”སྤུས་རྟགས་འཛུགས་གཏོད་བྱས་པ་དང་ཉིང་ཁྲིའི་གློག་སྤྱད་སློབ་ཁྲིད་ཚོགས་པའི་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་སུ་སློབ་གསོའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་མ་དངུལ་གྱི་གྲངས་འཛིན་ཅན་གྱི་སློབ་གྲྭའི་རྣམ་གྲངས་11སྔོན་ལ་ལེགས་སྒྲུབ་བྱས་ཏེ་རིག་ལྡན་སློབ་གྲྭ་བསྐྲུན་པ་དང་། རིག་ལྡན་སློབ་ཁང་བསྐྲུན་པ། རིག་ལྡན་དགེ་སློབ་གསོ་སྐྱོང་བཅས་བྱས་ནས། ཉིང་ཁྲིའི་སློབ་གསོ་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་དང་ཉིང་ཁྲིའི་སློབ་གསོའི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་བ་རེད།

    ཁོང་གིས“ལག་ཐོགས་ཁ་པར་གྱི་ཐད་གཏོང”ལག་རྩལ་ལ་བརྟེན་ནས་སློབ་དཔྱོད་བྱེད་སྒོ་དང་། ཐད་གཏོང་སློབ་ཁང་། ཀོང་ཏུང་གི་བོད་སྐྱོར། ཐོན་ཁུངས་འགྲེམས་སྟོན་བཅས་ལེ་ཚན་4བཙུགས་ཏེ“སྔོན་བརྡ་དང་ཐད་གཏོང་། བརྙན་ཕབ། ཕྱིར་ལྟ”བཅས་ཀྱི་བཀོལ་སྤྱོད་རྣམ་པ་ཆགས་ནས“5Gཏང་གི་ལོ་རྒྱུས་མཉམ་འགུལ་སློབ་ཚན་མཉམ་དུ་ཚོགས་པ”དང“དྲ་སྦྲེལ+བརྗོད་དོན་གཙོ་བོའི་འཛིན་ཚོགས”སོགས་གཞོན་ནུ་ལོ་ཆུང་གི་དྲ་ཐོག་སློབ་སྦྱོང་དང་སྤེལ་རེས་བྱས་ཏེ་དྲ་རྒྱའི་ཞིབ་འཇུག་སློབ་སྦྱོང་གི་གཅིག་མཐུན་ཚོགས་པ་བཙུགས་པ་དང་། ཀོང་ཀྲོའུ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་གི་སློབ་གྲྭ་སྒྲིག་འཛུགས་བྱས་ཏེ་དྲ་ཐོག་ནས་གྲོང་གསེབ་ཏུ་སློབ་ཁྲིད་དང་། ཆེད་དོན་འཆད་ཁྲིད། སློབ་ཚན་རེའི་ཁྲིད་སྟངས་མི་འདྲ་བ། སློབ་ཁྲིད་བགྲོ་གླེང་། ཀོང་ཏུང་དང་ཉིང་ཁྲིའི་སྤེལ་རེས་སོགས་ཀྱི་བྱེད་སྒོ་སྤེལ་ནས། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་སློབ་གྲྭར་ཁྱབ་པར་བྱས་པ་རེད།

    སྣེ་ཁྲིད་དེ་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

    ཁོང་གིས་བོད་སྐྱོར་ལས་བྱེད་པའི་འབྲེལ་ཟམ་གྱི་ནུས་པ་གང་ལེགས་བཏོན་ནས“ཀོང་ཏུང་དང་བོད་ཀྱི་ཁྱིམ་ཚང་གི་སྤྲིན་ཚོམ་ཆ་སྒྲིག”དང་ཀོང་ཏུང་གི“གྲགས་ཅན་སློབ་གྲྭ+”སོགས་ཀྱི་རྣམ་གྲངས་དང“ཁྲ་ཕྲུག་འཆར་གཞི”སོགས་སྤྱི་ཕན་འཆར་གཞིའི་བྱེད་སྒོ་གཞི་རྟེན་དུ་བྱས་ནས། འབྲེལ་གཏུག་དང་། སྤེལ་རེས། མཉམ་འགུལ་བཅས་ཀྱི་ལས་སྟེགས་བསྐྲུན་ཏེ་ཕན་བདེ་ཁང་གི་བྱིས་པར་གྱོན་ཆས་དང་། དཔེ་དེབ། དྲོ་སྐྱིད་བཅས་སྦྱིན་ཐོག ཀོང་ཏུང་དང་བོད་ཀྱི་ཁྱིམ་ཚང་གི“ཆ་སྒྲིག་གཉེན་འཚོལ་དང་སྤེལ་རེས་མཉམ་འདྲེས”ལ་སྐུལ་འདེད་བཏང་བ་རེད།

    དེ་དང་ཆབས་ཅིག ཁོང་གིས“གཅེས་སེམས་མཚོན་པར་བྱེད་ན་འདི་གར་ཕེབས་རོགས”ཞེས་པའི་གྲོས་འགོ་ཐེངས་གཉིས་བཏོན་ཏེ་གཅིན་སྙི་ཟགས་ཁུའི་ནད་ཕོག་པའི་བྱིས་པར་ཞལ་འདེབས་དངུལ་སྒོར་ཁྲི་5ལྷག་ཙམ་རག་ཐབས་བྱས་པ་དང་། བོད་སྐྱོར་ལོ་དྲུག་རིང་ཉིང་ཁྲིར་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་2ཙམ་བརྩོན་ལེན་བྱས་པ། མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་2270ལྷག་ཙམ་ཟིན་པའི་སྤྱི་ཕན་མ་དངུལ་དང་དངོས་ཟོག་ནང་འདྲེན་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་དང་། གྲོང་གསེབ་དར་རྒྱས། སློབ་གཉེར་ཆ་རྐྱེན་ལེགས་གཏོང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བཅས་ལ་རོགས་སྐྱོར་བྱས་ནས“བོད་རྒྱ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”མཛའ་གྲོགས་དེ་བས་ཟབ་ཏུ་བཏང་ཡོད།

    ད་ཆ་རྒྱང་ལམ་གསར་པར་ཁོང་གིས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་དེ་རང་ཉིད་ཀྱི་རིན་ཐང་དོན་གཉེར་བྱ་ཡུལ་ཞིག་ཏུ་བརྩིས་ནས“ཏང་ལ་མི་སྣ་སྐྱོང་བ་དང་། རྒྱལ་ཁབ་ལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པ། མི་དམངས་བློ་ཡིད་ཚིམས་པའི་སློབ་གསོ་ཡག་པོ་གཉེར་བ”བཅས་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ། བོད་ཀྱི་འཕེལ་རྒྱས་དང་ཉིང་ཁྲིའི་འཕེལ་རྒྱས་ལ་མུ་མཐུད་དོ་ཁུར་དང་རྒྱབ་སྐྱོར་བྱས་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན། ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་བཅས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་བཞིན་མཆིས། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།