ཞབས་ཞུའི་རྣམ་པ་བཏོད་ནས་དམངས་ཕན་བྱ་སྤྱོད་དོན་ཐོག་ཏུ་འཁྱོལ་བར་བྱས་པ།
ཉེ་ཆར། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་བོད་ལྗོངས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ལ་འཚམ་པའི་བོད་སྐད་ཀྱི“ཁྱད་ལྡན་ཡུལ་སྐད་ཐད་འབྲེལ”ཞབས་ཞུ་དང“ཞིང་དུད་དངུལ་བུན་གྱི་བརྙན་ལམ་ངོ་འཕྲད”ཞབས་ཞུ་དངོས་སུ་སྤྱོད་འགོ་ཚུགས་པ་རེད། ཞབས་ཞུ་དེས་དངུལ་བུན་གཡར་བའི་བརྒྱུད་རིམ་ནང་ཕན་ཚུན་སྐད་བརྡ་མ་འཕྲོད་པ་དང་ལམ་ཐག་རིང་བ་སོགས་ཀྱི་དཀའ་ངལ་མང་པོ་སེལ་ཐུབ་ཡོད།
བོད་སྐད་ཀྱི་ཁྱད་ལྡན་ཡུལ་སྐད་ཞབས་ཞུ་དེ་ལྷ་ས་དང་། ལྷོ་ཁ། གཞིས་རྩེ་སོགས་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་ཡུལ་སྐད་ལ་བརྟེན་ནས། ཞིང་འབྲོག་ཁུལ་གྱི་མང་ཚོགས་ཚང་མས་སྐད་འཕྲིན་ནས་རང་ཉིད་དང་འཚམ་པའི་སྐད་རིགས་བེད་སྤྱད་དེ་དངུལ་བུན་གཡར་བའམ་དངུལ་བུན་འཇལ་བའི་སྐོར་བློ་འདྲི་བྱེད་པ་སོགས་ཀྱི་ཞབས་འདེགས་ཞུ་གི་ཡོད། ཞབས་ཞུ་འདི་བེད་སྤྱོད་གཏོང་འགོ་ཚུགས་པ་ནས་བཟུང་ད་བར་ཞིང་འབྲོག་ཁུལ་གྱི་མང་ཚོགས་3000ལྷག་ཙམ་ལ་སྟབས་བདེ་སྐྲུན་ཡོད་པས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།
ཞིང་འབྲོག་ཁུལ་གྱི་བརྙན་ལམ་ངོ་འཕྲད་ཞབས་ཞུ་དེ་སྐད་གཉིས་ལ་མཁས་པའི་སྤྱོད་དུད་ཅིང་ལིས་སྒུལ་འཕྲིན་འཕྲུལ་ཆས་ཀྱི་ཞབས་ཞུའི་ཡོ་བྱད་ལ་བརྟེན་ནས། བརྙན་ལམ་ནས་ཐད་འབྲེལ་བྱ་ཐབས་སྤྱད་དེ་ཞིང་དུད་དངུལ་བུན་མ་གཡར་གོང་གི་བརྟག་དཔྱད་བྱེད་ཀྱི་ཡོད། “ས་ཡུལ་དངོས་དང་རྒྱང་རྟེན”མཉམ་འཛིན་གྱི་བྱ་ཐབས་འདིས་དངུལ་བུན་མ་གཡར་གོང་བརྟག་དཔྱད་ལས་ཀའི་བརྒྱུད་རིམ་ལེགས་སྒྲིག་ཐུབ་ནས་ལས་སྒོ་སྒྲུབ་པའི་སྟབས་བདེའི་རང་བཞིན་གོང་མཐོར་བཏང་བ་རེད། དུས་མཚུངས། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་བོད་ཁུལ་སོ་སོའི་ཡུལ་སྐད་ཀྱི་ཁྱད་ཆོས་ལ་གཞིགས་ནས་དབུས་སྐད་དང་། ཁམས་སྐད། ཨ་མདོའི་སྐད་སོགས་ཡུལ་སྐད་མི་གཅིག་པ་གསུམ་གྱི་ཞབས་ཞུ་མཁོ་འདོན་བྱས་ནས། ཡུལ་ལུང་སོ་སོར་སྐད་བརྡ་མི་འཕྲོད་པའི་དཀའ་གནད་སེལ་ཐུབ་ཡོད།
དངུལ་ཁང་དེས་བོད་ལྗོངས་ཁུལ་གྱི་མིག་སྔའི་གནས་ཚུལ་ལ་བསམ་གཞིག་གང་ལེགས་བྱས་ནས། རྒྱུན་ཆད་མེད་པར་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་སྒྲུབ་སྟངས་གསར་པ་བཟོས་ཏེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་དེ་བས་སྟབས་བདེ་བ་དང་སེམས་ལ་བསམས་པའི་དངུལ་རྩའི་ཞབས་ཞུ་བསྒྲུབས་ནས། བོད་ལྗོངས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་རེད།