དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཡིད་ཆེས་བརྟན་དུ་བཏང་ནས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།

    ​རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-25

    ཟླ་12ཚེས་20ཉིན་དང་21ཉིན། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཤིང་། ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཚོགས་འདུའི་བཀོད་སྒྲིག་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ། སྔོན་གཏན་འཁེལ་བའི་དམིགས་ཚད་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་ཀྱི་ཡིན་ཞེས་བཤད་པ་རེད།

    2025ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་པས། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་སྣེ་ཁྲིད་དུ་བྱས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

    ཚོགས་འདུའི་ཐོག་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་ནས་རང་ངོས་འཕེལ་རྒྱས་གཏོང་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་བསྟན་པར། རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཆིའུ་ཕེ་ཀང་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས་མྱུར་སྐྱེལ་ལས་རིགས་ནི་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་རྣམ་པ་གལ་ཆེན་ཞིག་ཡིན་པ་དེས་གྲོང་ཁྱེར་མང་པོའི་ལས་རིགས་དུ་མ་དང་སྦྲེལ་མཐུད་བྱས་ལ། དྲ་ཐོག་དྲ་ཕྱི་མཉམ་འབྲེལ་ཐུབ་ཡོད་པས་དེ་ནི་རང་ལྗོངས་འདི་ཉིད་རྒྱལ་ནང་གི་གཅིག་གྱུར་ཁྲོམ་ར་ཆེན་པོའི་ནང་ཞུགས་པར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ། མུ་མཐུད་སེམས་མཐུན་སྟོབས་སྒྲིལ་དང་། ཀུན་སེམས་གཅིག་སྒྲིལ། གཞུང་འཁྱོངས་གསར་འབྱེད། མགྱོགས་ལ་བརྟན་པ་བཅས་ཀྱི་སྒོ་ནས་དམངས་ལ་ཞབས་འདེགས་ཞུ་བ་དང་། བདེ་འཇགས་སྟབས་བདེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་ལེའུ་གསར་པ་རྩོམ་གྱི་ཡིན་ཞེས་བཤད་པ་རེད།

    ཆབ་མདོ་གྲོང་ཁྱེར་ནོར་སྲིད་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་ཅང་དབྱི་པིན་གྱིས“སང་ལོའི་དཔལ་འབྱོར་ལས་འགན་གྱི་དམིགས་ཚད་གཏན་འཁེལ་བྱས་ཟིན་པས། ཆབ་མདོ་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས‘དོན་ཆེན་བཞིར’དམིགས་པ་དང‘འཛུགས་གཏོད་བཞིར’ཤུགས་བརྒྱབ་སྟེ། ནོར་སྲིད་ལས་དོན་ཁག་སྔ་ཙམ་འཆར་འགོད་དང་དོན་འཁྱོལ་ཞིབ་ཚགས་བྱས་ཐོག ཧུར་ཐག་འབད་ཐག་དང་རང་གིས་རང་ལ་གནོན་ཤུགས་སྤྲད་དེ་སྲིད་ཇུས་དོན་འཁྱོལ་བྱེད་མཁན་ལག་བསྟར་བ་དང་། ལས་འགན་ལ་སྐུལ་འདེད་གཏོང་མཁན་དོན་འཁྱོལ་བ། དམིགས་ཚད་མངོན་འགྱུར་བྱེད་མཁན་གདོང་ལེན་རུ་ཁག་བཅས་ཡག་པོ་ཞིག་བྱས་ཏེ་སྤོ་སྒྱུར་གཏོང་སྤྲོད་ཀྱི་སྙོམས་སྒྲིག་ནུས་པ་ཧུར་ཐག་འདོན་པ་དང་། ནོར་སྲིད་གཏོང་སྒོའི་གྲུབ་ཆ་ལེགས་སུ་གཏོང་བ། མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་གཏོང་གི་ཡིན”ཞེས་བཤད་པ་རེད།

    ཚོགས་འདུའི་ཐོག་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་ནན་བཤད་བྱས་ཡོད། དེའི་ཐད་མངའ་རིས་ས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཕུའུ་ཁྲུན་ཅུང་གིས“འདི་ལོ་ང་ཚོས《མངའ་རིས་ས་ཁུལ་གྱི་ཐཱན་ཚད་མཐོ་ཤོས་ལག་བསྟར་ཇུས་གཞི》བཟོས་ནས་ལག་བསྟར་བྱས་ཏེ། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང‘ནུས་རྒྱུ་གསར་པ་དང་ནུས་གསོག་ཟུང་འབྲེལ’དང‘འོད་ཤུགས་དང་འོད་དྲོད་ཟུང་འབྲེལ’གྱི་བྱེད་ཐབས་ཚོད་ལྟའི་དཔེ་སྟོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས། བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་ཤུགས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་50.7ཟིན་ཡོད། སླད་ཕྱིན་ང་ཚོས་ལྗང་མདོག་ཐཱན་ཉུང་ཁྱབ་ཁོངས་སུ་མ་དངུལ་གཏོང་ཤུགས་དང་འཚོལ་ཞིབ་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས། མངའ་རིས་ས་ཁུལ་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་དཔེ་མཚོན་དུ་ཧུར་ཐག་གཏོད་པ་དང་། སྐྱེ་ཁམས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་དངོས་སུ་འགྱུར་བར་བྱེད་པ། སྐྱེ་ཁམས་དང་དཔལ་འབྱོར་མཐུན་སྦྱོར་ངང་མཉམ་དུ་འཕེལ་རྒྱས་ཡོང་བ་བཅས་བྱས་ཏེ་མངའ་རིས་ས་ཁུལ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།