དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཨན་ཧུའེ་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་ཝང་ཐེན་ཀྲུའུ་ཡིས།

    ཇ་མའེ་ཁྲའི་ཐོན་ལས་ལ་བརྟེན་ནས་དམངས་ལ་འབབ་འཕར་ཡོང་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-25

    2023ལོའི་དཔྱིད་ཀར། མཚོ་སྣ་གྲོང་ཁྱེར་ལེགས་པོ་རོང་ཤུར་དུ་གངས་འཁྱགས་རིམ་གྱིས་བཞུར་ཏེ་ཇ་མའེ་ཁྲ་འདེབས་པའི་དུས་ཚོད་ཡག་ཤོས་ཤར་ཡོད། མཚོ་སྣ་ནི་བོད་རང་སྐྱོང་ལྗོངས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་གྱི་གྲས་ཤིག་ཡིན་ཞིང་། གྲོང་ཁྱེར་ཡོངས་ཧི་མ་ལ་ཡའི་ལྷོ་བྱང་རྒྱུད་དུ་གནས་པས་དམིགས་བསལ་ཁྱད་ཆོས་ལྡན་པའི་ཐོན་ཁུངས་མང་པོ་ཡོད། ཨན་ཧུའེ་ཐུང་ལིང་གི་ཇ་མའེ་ཁྲ་སྡོང་རྐང་ཁྲི་2ལྷག་ཙམ་ལམ་ཐག་སྤྱི་ལེ་4000ཙམ་ཆོད་པའི་མཚོ་སྣར་འདེབས་ཐུབ་པ་དེ་ནི་ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་ཝང་ཐེན་ཀྲུའུ་ཡི་རོགས་སྐྱོར་དང་ཁ་བྲལ་ཐབས་མེད།

    2022ལོའི་ཟླ་7པར། ཨན་ཧུའེ་ཞིང་ཆེན་ཐུང་ལིང་གྲོང་ཁྱེར་ཞིང་ལས་ལག་རྩལ་དོ་དམ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དང་མཐོ་རིམ་ཞིང་ལས་ལག་རྩལ་པ་ཝང་ཐེན་ཀྲུའུ་ཡིས་རྩ་འཛུགས་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། བོད་སྐྱོར་ཆེད་ལས་ལག་རྩལ་ཤེས་ལྡན་པའི་ངོས་ནས་བོད་ལ་རོགས་སྐྱོར་དུ་ཡོང་བ་རེད། ལོ་གཉིས་རིང་། ཁོང་གིས་གངས་ལྗོངས་ས་མཐོ་དང་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ། མཚོ་སྣའི“ཞིང་གསུམ”གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་ཇ་མའེ་ཁྲ་དང་། ཤ་མོའི་རིགས། འབྲོག་ལས་ཐོན་ལས་བཅས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ཤུགས་ཡོད་རྒུས་བཏང་བས། ཞིང་ལས་ལ་ཐོན་འཕར་དང་ཞིང་པར་འབབ་འཕར་ཡོང་བར་སྐུལ་འདེད་ནུས་ལྡན་ཐེབས་ཏེ། གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་ཡུལ་མི་སྤུན་ཟླ་རྣམས་ལ་བདེ་སྐྱིད་བསྐྲུན་ཡོད།

    ལོ་གཉིས་ཀྱི་གོང་། བོད་ལ་རོགས་སྐྱོར་དུ་འགྲོ་བའི་གོ་སྐབས་ཡོད་པ་ཤེས་རྗེས། ཝང་ཐེན་ཀྲུའུ་ཡིས་འཕྲལ་དུ་མིང་ཐོ་བཀོད་པ་དང་། རྩ་འཛུགས་ཀྱི་རྟོག་ཞིབ་ཀྱང་ལམ་ལྷོངས་བྱུང་། བོད་དུ་སླེབས་རྗེས་ཀྱི་ཚོད་བགམ་དང་པོ་ནི་ལ་དུག་ལ་ཁྱད་བསད་བྱེད་རྒྱུ་དེ་ཡིན་ཞིང་། ཁོང་གིས་ངལ་གསོ་ཕྲན་ཙམ་བརྒྱབ་རྗེས་སྡུག་རུས་བྱས་ཏེ་རུ་ཁག་གི་རུ་མི་ཚོ་དང་མཉམ་དུ་ས་བབ་མཐོ་ཚད་ལ་སྨི་4380ཟིན་པའི་མཚོ་སྣ་གྲོང་ཁྱེར་དུ་བསྐྱོད། དེ་རྗེས་ཀྱི་ལོ་གཉིས་ལྷག་ཙམ་རིང་། ཁོང་དང་བོད་སྐྱོར་འགོ་ཁྲིད་དང་ལས་རོགས་ཚོས་མཚོ་སྣ་གྲོང་ཁྱེར་གྱི་ཤང་9དང་གྲོང་རྡལ་1ཚང་མར་བསྐྱོད་པར། ཁོང་ལ་མཚོ་སྣ་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཡིད་ཆེས་ཆེན་པོ་ཐོབ།

    མཚོ་སྣ་གྲོང་ཁྱེར་གྱི་ས་ཆ་མང་ཆེ་བའི་རང་བྱུང་ཁོར་ཡུག་དང་ཞིང་ལས་ཀྱི་རྨང་གཞི་ཞན་པོ་ཡོད། 2022ལོའི་ཟླ་8པ་ནས་བཟུང་། ཨན་ཧུའེ་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་རུ་ཁག་མཚོ་སྣ་ལས་དོན་ཚོགས་ཆུང་གིས་བརྟག་ཞིབ་དང་རྒྱུས་ལོན་གང་ལེགས་བྱས་པའི་རྨང་གཞིའི་ཐོག “སྔོན་ལ་ལག་བསྟར་ཚོད་ལྟ་དང་། དཔེ་སྟོན་སྣེ་ཁྲིད། འཆར་འགོད་དམ་འཛིན། ཐོན་ལས་དར་རྒྱས”བཅས་ཀྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་ནས་ཇ་མའེ་ཁྲ་བཏབ་པ་རེད།

    “ང་ཚོས་ས་གནས་དེ་གའི་མང་ཚོགས་ཀྱི་ཁྲོད་ནས་ཇ་མའེ་ཁྲ་འདེབས་མཁན་གྱི་སྣེ་ཁྲིད་པ་གསོ་སྐྱོང་བྱས་ཏེ། ཇ་མའེ་ཁྲའི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་རིམ་བཞིན་མཐོ་རུ་གཏོང་དགོས” ཇ་མའེ་ཁྲའི་སྡོང་ཕྲུག་མཚོ་སྣར་དབོར་འགོ་ཚུགས་པ་ནས་བཟུང་། ཝང་ཐེན་ཀྲུའུ་ཡིས་ཉིན་ལྟར་ཇ་མའེ་ཁྲ་ཇི་ལྟར་འདེབས་མིན་ལ་བསམ་བློ་གཏོང་བ་དང་དེའི་སྐོར་ཁོ་ན་གླེང་གི་ཡོད།

    ཁོང་གི་སྣེ་ཁྲིད་འོག ཤང་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རི་ལམ་གྱི་དཀའ་ངལ་ལ་མ་འཛེམས་པར། སྡོང་ཕྲུག་དང་ལུད་ཏུན་80ལྷག་ཙམ་སྒལ་པར་དབོར་བ་དང་། ཇའི་སྡོང་རྐང་ཁྲི་2ལྷག་ཙམ་སྤོ་འཛུགས་བྱས། ཇ་ཤིང་བཏབ་རྗེས་ཝང་ཐེན་ཀྲུའུ་ཡིས་ཉིན་ལྟར་ཇ་ཤིང་ལྡུམ་རར་བསྐྱོད་དེ། ཇ་ཤིང་གི་སྐྱེ་འཚར་ལ་ལྟ་ཞིབ་དང་ཞིང་ནང་གཡོག་བྱེད་ལ་མཛུབ་ཁྲིད་བྱེད་ཀྱི་ཡོད།

    ལོ་དེར། བོད་ལྗོངས་ས་མཐོར་ཇ་མའེ་ཁྲ་འདེབས་པ་དང་། འཐུ་བ། ལས་སྣོན་ཚོད་ལྟ་བཅས་བྱས་པར་གྲུབ་འབྲས་བཟང་པོ་ཐོབ་ཡོད།

    ལོ་དེར། ཇ་མའེ་ཁྲའི་ཐོན་ལས་ཀྱིས་ས་གནས་དེ་གའི་ཞིང་འབྲོག་པར་འབབ་འཕར་སྒོར་ཁྲི་25བྱུང་ནས། མཉམ་ལས་ཁང་ལ་ཁེ་སྤོགས་སྒོར་ཁྲི་10བགོ་རྒྱུའི་སྐུལ་ཁྲིད་བྱས་པ་དང་། མི་རེར་ཆ་སྙོམས་འབབ་འཕར་སྒོར་1900བྱུང་ཡོད་ལ། “གངས་ལྗོངས་ཀྱི་ཇ་མའེ་ཁྲ”ཞེས་པའང་མཚོ་སྣ་གྲོང་ཁྱེར་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་རྩེ་གྲ་ཞིག་ཏུ་གྱུར་ཡོད། མོན་པ་རིགས་ཀྱི་གྲོང་ཚོའི་ལས་བྱེད་པ་སྐལ་བཟང་བསྟན་འཛིན་གྱིས་ཝང་ཐེན་ཀྲུའུ་ཡི་ལག་ནས་བཟུང་སྟེ་དགའ་ཚོར་ཆེན་པོས། “ཁྱེད་ཀྱིས་ང་ཚོའི་འདོད་མོས་ལྟར་བོད་སྐྱོར་ལས་དོན་སྤེལ་བས། སླད་ཕྱིན་ཁྱེད་ཚོས་ང་ཚོར་གང་ཞིག་བྱེད་དུ་བཅུག་ཀྱང་ང་ཚོས་དེ་ལྟར་བྱེད་ཀྱི་ཡིན”ཞེས་བརྗོད།

    མིག་སྔར། མཚོ་སྣས་མུའུ་120ཟིན་པའི་ཇ་མའེ་ཁྲའི་འདེབས་འཛུགས་རྟེན་གཞི་དང་སྨི་ངོས་གྲུ་1000ལྷག་ཙམ་ཟིན་པའི་བེ་ཤ་དམར་པོའི་འགྱིག་ཤོག་དྲོད་ཁང་ཆེན་པོ་གསུམ་བསྐྲུན་ནས། མང་ཚོགས་100ལྷག་ཙམ་གྱི་ལས་ཞུགས་ལ་སྐུལ་ཁྲིད་བྱས་པ་དང་། གྲོང་ཚོའི་མཉམ་སྡེབ་དང་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་100ལྷག་ཙམ་ཡོང་བར་སྐུལ་འདེད་བཏང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།