དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོར་དཔལ་འབྱོར་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་ཐུབ་པའི་གདེང་ཚོད་ཡོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧོ་དབྱིན།   |     སྤེལ་དུས།  2024-12-24

    ཉེ་ཆར་འཚོགས་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་ནས་ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་རླུང་བརྟེན་རླབས་བཤག་གིས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བའི་བརྡ་རྟགས་ཡག་པོ་ཞིག་བརྒྱུད་སྤྲོད་བྱས་ཡོད། “སང་ལོར་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་བརྟན་པོ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པར་ཀྲུང་གོ་སྲིད་གཞུང་ལ་གདེང་ཚོད་ཡོད”དང“ད་ཐེངས་ཀྱི་ཚོགས་འདུར་གཏན་འཁེལ་བྱས་པའི་ཤུགས་རྐྱེན་དེ་ཀྲུང་གོ་རང་ངོས་ལས་ཧ་ཅང་ལྷག་པ་ཡོང་ངེས་ཡིན”ཞེས་པ་སོགས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་ཐེངས་ཀྱི་ཚོགས་འདུར་ཚད་མཐོའི་དོ་ཁུར་བྱེད་པ་དང་འབྲེལ་གསལ་འགྲེལ་ཧུར་ཐག་བྱས་ནས་ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་ལ་བརྟན་ལྷིང་རང་བཞིན་དང་འཕེལ་རྒྱས་ཀྱི་འགུལ་ནུས་དེ་བས་མང་བ་སྣོན་རྒྱུའི་ངོས་འཛིན་བྱས་པ་རེད།

    ད་ལོ་ཕྱིའི་གནོན་ཤུགས་ཆེ་བ་དང་ནང་ཁུལ་གྱི་དཀའ་ངལ་ཆེ་རུ་འགྲོ་བའི་རྙོག་འཛིང་ཆེ་ལ་ཛ་དྲག་གི་དུས་བབ་ལ་ཕྱོགས་སྐབས། ཀྲུང་གོའི་དཔལ་འབྱོར་སྤྱིར་བཏང་གཏན་ནས་མིན་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་བརྒྱུད་དེ་མི་རྣམས་ལ་སྐུལ་ལྕག་ཐེབས་འོས་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཁྲོད་ཡར་འཕེལ་ཡོང་བཞིན་ཡོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་ལེགས་གྲུབ་བདེ་བླག་ཐུབ་ཉེར་ཡོད་པ་དང་། ལྷག་པར་དུ་ཟླ་9པ་ཚུན་གྱི་འཕར་འབོར་སྲིད་ཇུས་རབ་དང་རིམ་པ་ལས་སྤྱི་ཚོགས་ཀྱི་ཡིད་ཆེས་ཆེ་རུ་ཕྱིན་པ་དང་དཔལ་འབྱོར་མངོན་གསལ་དོད་པོས་འཕར་ཡོད། སྔོན་དཔག་བྱས་ན། ལོ་ཧྲིལ་པོར་ཀྲུང་གོའི་དཔལ་འབྱོར་5%ཙམ་འཕར་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་30%ཙམ་མུ་མཐུད་རྒྱུན་འཁྱོངས་ཐུབ་རེ་ཡོད་པ་རེད། རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་དེ་ཐོག་ནས་ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་དང་གཏིང་ཤུགས་ཧ་ཅང་ཆེན་པོ་མངོན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ཀྲུང་གོའི་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་ཡོད་པ་དང་། དགེ་མཚན་མང་བ། མཉེན་ཆ་ཆེ་བ། གཏིང་ཤུགས་ཆེ་བ་བཅས་ཡོད་པས། ཡུན་རིང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་འདེགས་སྐྱོར་གྱི་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་བྱུང་མེད། ཀྲུང་གོར་དཔལ་འབྱོར་གྱི་གཞི་རྒྱ་དང་། ཁྲོམ་རའི་ཤོང་ཚད། ཐོན་ལས་ཀྱི་ལེ་ལག་ཚང་བའི་ནུས་པ་བཅས་ཧ་ཅང་ཆེན་པོ་ལྡན་ཡོད་པས། ནང་ངོས་ཀྱི་དཔལ་འབྱོར་དང་ཕྱི་ཕྱོགས་ཀྱི་དཔལ་འབྱོར་མཉམ་འགུལ་ལེགས་པའི་འཁོར་རྒྱུག་མངོན་འགྱུར་ཐུབ་རྒྱུ་ཡིན་པ་དེ་ནི་ཀྲུང་གོའི་དཔལ་འབྱོར་བརྟན་བགྲོད་རྒྱང་འཁྱོལ་ཡོང་བའི་འགན་ལེན་གལ་ཆེན་ཞིག་རེད། རྒྱལ་ཁབ་ཆེན་པོའི་དཔལ་འབྱོར་ལ་ཐུན་མོང་དུ་ཡོད་པའི་གཞི་ཁྱོན་ཆེ་བའི་དགེ་མཚན་དང་། ཁྲོམ་རའི་དགེ་མཚན། ཤེས་ལྡན་པའི་དགེ་མཚན། གསར་གཏོད་ཀྱི་དགེ་མཚན་བཅས་ཕུད། ཀྲུང་གོར་ད་དུང་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་ཐུན་མོང་མ་ཡིན་པའི་ལམ་ལུགས་ཀྱི་དགེ་མཚན་ཡང་ཡོད་པ་དང་། ཀྲུང་གོའི་ཁེ་ལས་ཀྱི་ཐོན་ལས་མ་ལག་ཆ་ཚང་བ་དང་། གཉེར་སྐྱོང་བྱེད་པོའི་རིགས་སྣ་མང་བ། ཁོར་ཡུག་གི་འགྱུར་ལྡོག་དང་འཚམ་ནུས་ཆེ་བ་བཅས་ཡོད་པ། ཀྲུང་གོའི་གྲོང་མིའི་དངུལ་གསོག་ཚད་མང་བ་དང་དཔལ་འབྱོར་འཕར་ཆག་དང་འཕྲོད་པའི་ནུས་པ་ཡང་ཅུང་ཆེན་པོ་ཡོད། དེ་དག་ཚང་མ་ནི་ཀྲུང་གོའི་དཔལ་འབྱོར་ལ་མཉེན་ཆ་ཆེན་པོ་ལྡན་པའི་གནད་འགག་གི་རྒྱུ་རྐྱེན་ཤ་སྟག་རེད། ཀྲུང་གོ་ནི་སྔར་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པས་འཕེལ་རྒྱས་དོ་སྙོམས་མེད་པ་དང་གང་ལེགས་མ་བྱུང་བ་དེ་ནི་ཀྲུང་གོར་འཕེལ་རྒྱས་ཀྱི་བར་མཐོངས་དེ་བས་ཆེ་བ་ཡོད་པའི་གཏིང་ཤུགས་དང་སྒུལ་ཤུགས་གནས་ས་ཞིག་རེད།

    མིག་སྔར། འཛམ་གླིང་དཔལ་འབྱོར་གྱི་དུས་བབ་ལ་དཀའ་ངལ་དང་འགྲན་སློང་མང་པོ་འཕྲད་བཞིན་ཡོད་པ་དང་། ཚོང་དོན་སྲུང་སྐྱོང་རིང་ལུགས་དང་། ཕྱོགས་རྐྱང་པའི་རིང་ལུགས། ས་འབྲེལ་ཆབ་སྲིད་ཀྱི་འགལ་བ་བཅས་མཉམ་དུ་གནས་ཡོད་པས། འཛམ་གླིང་དཔལ་འབྱོར་འཁོར་རྒྱུག་བརྟན་པོ་མེད་པའི་རང་བཞིན་ཆེ་རུ་ཕྱིན་ཡོད། ཀྲུང་གོར་དུས་འཁོར་ལྡོག་པ་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བའི་ཆ་རྐྱེན་དང་བར་མཐོངས་ཡོད་པས། དམིགས་ཚད་དང་ལས་འགན་སྒྲུབ་པར་སྲིད་ཇུས་ཀྱི་འདེགས་སྐྱོར་ནུས་ལྡན་བྱེད་ཐུབ། དེ་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཐོག་མར་བཏོན་པ་ནས་ལོ་14ཡི་རིང་ལྷུག་གཏོང་འོས་འཚམ་གྱི་དངུལ་ལོར་སྲིད་ཇུས་ལ་ཐོག་མར་བསྒྱུར་བའི་བར་དང་། འཛད་སྤྱོད་བྱེད་ཤུགས་ཆེ་རུ་ཤུགས་ཆེན་གཏོང་བ་དང་། མ་འཇོག་གི་ཕན་འབྲས་ཆེ་རུ་གཏོང་བ། རྒྱལ་ནང་གི་དགོས་མཁོ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་ནས་ཚན་རྩལ་གསར་གཏོད་ལ་བརྟེན་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པའི་བར་སོགས། ད་ཐེངས་ཀྱི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་སྲིད་ཇུས་ཀྱི་ཕན་པ་མང་པོ་གསེད་བཀྲོལ་བྱས་ནས་སྤྱི་ཚོགས་ཀྱི་སྔོན་དཔག་བརྟན་དུ་དང་ཁྲོམ་རའི་ཡིད་ཆེས་ཆེ་རུ་ནུས་ལྡན་བཏང་ཡོད་པ་རེད།

    ཀྲུང་གོས་ཕྱི་ཕྱོགས་སྒོ་དབྱེ་རྒྱུན་མཐུད་ཆེ་རུ་བཏང་ནས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཁག་གི་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་རྒྱུ་རེད། ད་ཐེངས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར“ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་དང་། ཕྱི་ཕྱོགས་ཚོང་དོན་བརྟན་དུ་གཏོང་རྒྱུ། ཕྱི་ཕྱོགས་མ་དངུལ་བརྟན་དུ་གཏོང་རྒྱུ”བཅས་སང་ལོའི་ལས་འགན་གཙོ་བོའི་གྲས་ཤིག་ཏུ་བརྩིས་པ་དེ་ཐོག་ནས་ཀྲུང་གོའི་སྒོ་དབྱེ་རྒྱ་ཆེར་གཏོང་བའི་ཆོད་སེམས་དང་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་སླར་ཡང་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།