ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་ཨུ་ཟ་བྷེ་ཁི་སི་ཐན་གྱི་རིམ་མཐོའི་གཞུང་ལམ་རྩིས་སྤྲད་པ།
འདི་ནི་བདེ་བླག་ངང་རྩིས་སྤྲད་པའི་ཨུ་ཟ་བྷེ་ཁི་སི་ཐན་གྱི་A380གཞུང་ལམ་ཡིན་པ། ཀྲུང་གོ་ལྕགས་ལམ་ཅུས་ཉི་ཤུ་ཚོགས་པས་པར་མཁོ་འདོན་བྱས།
ཉེ་ཆར། ཀྲུང་གོ་ལྕགས་ལམ་ཅུས་ཉི་ཤུ་ཚོགས་པས་སྐྲུན་འགན་ཁུར་བའི་ཨུ་ཟ་བྷེ་ཁི་སི་ཐན་གྱི་A380གཞུང་ལམ་བསྐྱར་སྐྲུན་ལས་གྲྭའི་རྣམ་གྲངས་དངོས་སུ་རྩིས་སྤྲད་པ་དང་། འདི་ནི་ཨུ་ཟ་བྷེ་ཁི་སི་ཐན་གྱི་མིག་སྔའི་འཛུགས་སྐྲུན་ཚད་གཞིའི་རིམ་པ་མཐོ་ཤོས་ཀྱི་གཞུང་ལམ་ཡིན་ཞིང་། རིང་ཚད་ཧྲིལ་པོར་སྤྱི་ལེ་87ཟིན་པ་དང་། ཨེ་ཤེ་ཡ་དབུས་རྒྱུད་ས་ཁོངས་ཀྱི་དཔལ་འབྱོར་བར་ཁྱམས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད།
སྔར་ཡོད་ཀྱི་ཨུ་ཟ་བྷེ་ཁི་སི་ཐན་གྱི་A380གཞུང་ལམ་ལ་འཁོར་ལམ་2ལས་མེད་པ་དང་། ལམ་ངོས་ཁོད་སྙོམས་པོ་མེད་པས་རླངས་འཁོར་གྱི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་60ལས་གཏོང་ཆོག་གི་མེད། “གཞུང་ལམ་འདི་ནི་ས་གནས་དེ་གའི་གྲོང་ཁུལ་གཙོ་བོ་དང་གྲོང་ཁྱེར་ཉེ་འཁོར་སྦྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་འགག་གནད་ཆེན་པོ་ཞིག་ཡིན་པ་མ་ཟད། ཨུ་ཟ་བྷེ་ཁི་སི་ཐན་ནས་ཧ་སག་སི་ཐན་དང་ལི་ཧའེ་ས་ཁུལ་གྱི་རྒྱལ་ཁབ་ཏུ་སྐྱོད་པའི་རྒྱལ་སྤྱིའི་བགྲོད་ལམ་ཞིག་ཀྱང་རེད། ལྷག་པར་དུ་ས་གནས་དེ་གའི་སྲིང་བལ་ལ་ཐོན་འབབ་བྱུང་བའི་དུས་སུ་རླངས་འཁོར་ཆེ་གྲས་གཏོང་བའི་དགོས་མཁོ་ཆེ་རུ་འགྲོ་བཞིན་ཡོད”ཅེས་རྣམ་གྲངས་ཀྱི་འགན་འཁུར་བ་ཝང་པའེ་རེན་གྱིས་བརྗོད་པ་དང་། ཁོང་གིས། རླངས་འཁོར་ཤར་གཏོང་བྱེད་ཞོར་དུ་ཨར་ལས་བྱེད་པ་ནི་A380གཞུང་ལམ་བསྐྱར་སྐྲུན་ལས་གྲྭའི་རྣམ་གྲངས་ཀྱི་ཁྱད་ཆོས་ཆེ་ཤོས་ཤིག་རེད། འཛུགས་སྐྲུན་བྱེད་རིང་། ཀྲུང་གོ་ཕྱོགས་ཀྱི་ལག་རྩལ་དོ་དམ་པ་70ལྷག་ཙམ་གྱིས་ཨུ་ཟ་བྷེ་ཁི་སི་ཐན་གྱི་ལས་མི་600ལྷག་ཙམ་གྱི་སྣེ་ཁྲིད་དེ་ཉམས་བཟོ་དང་། ཚད་ལེན། ཚོད་ལྟ་སོགས་བྱས་ནས། ལས་གྲྭའི་ཨར་ལས་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།