“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་དགོས།
—— ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་སྐབས་དྲུག་པའི་འགན་བཞེས་མཛད་སྒོའི་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤང་ཀང་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ཚུན་གྱི་ལག་ལེན་དང་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་གནང་སྟེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་རྒྱུར་གཤམ་གསལ་གྱི་དོན་ཚན་ཁག་4ཁོང་ཆུད་དགོས་ཞེས་གསུངས་པ་སྟེ། གཅིག་ནས“རྒྱལ་ཁབ་གཅིག”གི་རྩ་བ་བརྟན་སྲུང་དང“ལམ་ལུགས་གཉིས”ཀྱི་ཕན་པ་སྤྱོད་མཁས་པོ་བྱེད་དགོས་པ་དང་། གཉིས་ནས་ཆུ་ཚད་མཐོ་བའི་བདེ་འཇགས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། གསུམ་ནས་དམིགས་བསལ་གྱི་ལེགས་ཆ་འདོན་སྤེལ་དང་ཕྱི་ནང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། བཞི་ནས་ལྟེ་བའི་རིན་ཐང་དར་སྤེལ་དང་། བསྟུན་མཁས་ཞི་མཐུན་ལ་སྐུལ་འདེད་གཏོང་དགོས།
ཉམས་མྱོང་གལ་ཆེན་བཞི་པོ་དེ་དག་ཕན་ཚུན་སྦྲེལ་མཐུད་དང་གཅིག་གྱུར་དམ་ཟབ་ཡོད་པ་མ་ཟད། ལོ་རྒྱུས་དང་། ད་ལྟ། འབྱུང་འགྱུར་བཅས་དང་ཡང་ཐད་ཀར་འབྲེལ་བས། ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་དང་ལག་ལེན་གྱི་སྣེ་ཁྲིད་ནུས་པ་གལ་ཆེན་ལྡན་ཡོད། “རྒྱལ་ཁབ་གཅིག”གི་རྩ་བ་བརྟན་སྲུང་དང“ལམ་ལུགས་གཉིས”ཀྱི་ཕན་པ་སྤྱོད་མཁས་པོ་བྱས་ནས་ཤང་ཀང་དང་ཨའོ་མོན་འཕེལ་རྒྱས་ཀྱི་རྩ་བའི་འགན་ལེན་དང་གནད་འགག་ཐུག་ས་གསལ་སྟོན་བྱས་ཡོད་པ་དང་། ཆུ་ཚད་མཐོ་བའི་བདེ་འཇགས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཤང་ཀང་དང་ཨའོ་མོན་འཕེལ་རྒྱས་ཀྱི་སྔོན་འགྲོ་གལ་ཆེན་དང་ལྡོག་མེད་ཀྱི་བླང་བྱ་ཁ་གསལ་བཏོན་པ། དམིགས་བསལ་གྱི་དགེ་མཚན་འདོན་སྤེལ་དང་ཕྱི་ནང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་ཤང་ཀང་དང་ཨའོ་མོན་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ཁ་ཕྱོགས་དང་འགྲོ་ལམ་ལྡོག་མེད་གསལ་སྟོན་བྱས་ཡོད། ལྟེ་བའི་རིན་ཐང་དར་སྤེལ་དང་བསྟུན་མཁས་ཞི་མཐུན་ལ་སྐུལ་འདེད་བཏང་ནས་ཤང་ཀང་དང་ཨའོ་མོན་འཕེལ་རྒྱས་གཏོང་བའི་འགན་ལེན་གལ་ཆེན་དང་འདེགས་སྐྱོར་ནུས་ལྡན་གསལ་སྟོན་བྱས་ཡོད་པ་བཅས་ལ་ངེས་པར་དུ་ངོས་འཛིན་གཏིང་ཟབ་བྱེད་དགོས། ང་ཚོས་ཉམས་མྱོང་གལ་ཆེན་4ཡི་ཚན་རིག་གི་གོ་དོན་དང་། དགོངས་དོན་གྱི་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ”“ཨའོ་མོན་བས་ཨའོ་མོན་སྐྱོང་བ” ཚད་མཐོའི་རང་སྐྱོང་བཅས་ཀྱི་མཛད་ཕྱོགས་མུ་མཐུད་ཕྱོགས་ཡོངས་དང་། གནད་ལ་འཁེལ་བ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ནས། འགྱུར་ལྡོག་མི་གཏོང་བ་དང་གཡོ་འགུལ་མི་ཐེབས་པའི་འགན་ལེན་དང་བཟོ་ལྟ་མི་འགྱུར་བ་དང་རྣམ་པ་མི་འགྱུར་བའི་འགན་ལེན་བྱེད་དགོས།
“ཆུ་ཚད་མཐོ་བའི་བདེ་འཇགས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི”ཉམས་མྱོང་འདིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ནང་དོན་གལ་ཆེན་རྒྱས་བཤད་གཏིང་ཟབ་བྱས་ཡོད་པ་དེར་དོན་དངོས་ཀྱི་དམིགས་སའི་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད། ང་ཚོས་དེ་ཉིད་དཔེར་བཞག་ནས་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་ཤེས་རྟོགས་དང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས།
ཀྲུའུ་ཞི་ཞི་ཅིན་ཕིང་གིས“བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་ཡིན་པ་དང་། འཕེལ་རྒྱས་ནི་བདེ་འཇགས་ཀྱི་འགན་ལེན་ཡིན་པས། བདེ་འཇགས་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་གཉིས་ཀར་བློ་བརྟན་འགྱུར་མེད་ངང་དམ་འཛིན་བྱེད་དགོས”ཞེས་གསུངས་ཡོད། དོན་དངོས་མང་པོ་ལས་ང་ཚོར་ར་སྤྲོད་བྱས་དོན། བདེ་འཇགས་ཀྱི་མཐའ་ཚད་དེ་སྲུང་མ་ཐུབ་པ་དང་བརྟན་པོར་སྲུང་མ་ཐུབ་ན། འཕེལ་རྒྱས་ཀྱི་ཁང་ཆེན་འདི་བརྟན་པོར་གནས་མི་ཐུབ་ལ། རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་མི་དམངས་བདེ་སྐྱིད་ཁམས་བཟང་ཟེར་བ་དེ་བས་གླེང་ཐབས་བྲལ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་རྩ་བའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་དང་། ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་ལྷིང་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན་པས། དེ་ནི་དུས་ནམ་ཡང་གཡོ་འགུལ་གཏོང་མི་རུང་བའི་རྩ་དོན་ཞིག་རེད།
ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25སོང་རིང་། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ། བློ་རྩ་བརྟན་པོས་སྐབས་ཤིག་རིང་གི་རྙོག་འཛིང་ཆེ་བའི་གནད་དོན་གྱི་དོན་དུ་གཡོ་འགུལ་གཏན་ནས་ཐེབས་མེད་ལ། ཕྱི་ཕྱོགས་ཀྱི་འགོག་རྐྱེན་འཕྲད་དུས་མགོ་འཐོམ་ནས་བསྡད་མེད། 2009ལོར་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་ཚན་ཉེར་གསུམ་པའི་ནང་གཏན་འབེབས་བྱས་པའི་རྩ་ཁྲིམས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ། ཨའོ་མོན་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བཅའ་ཁྲིམས་བཟོས་པ་དང་། 2018ལོར་སྲིད་འཛིན་དཔོན་གྱིས་ཀྲུའུ་ཞིའི་འགན་འཁུར་བའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་བཙུགས་པ། 2023ལོར་ཨའོ་མོན་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་ལེགས་གྲུབ་བདེ་བླག་བྱུང་བ། ལོ་7བསྟུད་མར“དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་འགྲེམས་སྟོན”བྱས་པ་སོགས་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་རྡོ་མུ་མཐུད་བརྟན་དུ་བཏང་བའི་དབང་གིས་ཨའོ་མོན་གྱི་ཡུལ་མི་གཞི་ནས་བདེ་སྡོད་ལས་བརྩོན་བྱུང་བ་དང་ཨའོ་མོན་གྱི་འཕེལ་རྒྱས་ལ་གཞི་ནས་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་དང་འདེགས་སྐྱོར་བརྟན་པོ་བྱུང་ཡོད།
མིག་སྔར། རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་ཕྱི་རོལ་གྱི་ཁོར་ཡུག་སྣ་མང་རྙོག་འཛིང་ཆེ་བ་དང་། བརྟན་ལྷིང་མིན་པ་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་མང་དུ་འགྲོ་བཞིན་ཡོད་ལ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལས་དོན་ལའང་འགྲན་སློང་འཕྲད་ཡོད། ང་ཚོས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱས་ཏེ་ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”འཕེལ་རྒྱས་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས། ཕྱོགས་གཅིག་ནས་གཙོ་གནད་ལ་དམ་འཛིན་བྱས་ཏེ་ཆབ་སྲིད་ཀྱི་བདེ་འཇགས་དང་། དཔལ་འབྱོར་གྱི་བདེ་འཇགས། སྤྱི་ཚོགས་ཀྱི་བདེ་འཇགས། ཚན་རྩལ་གྱི་བདེ་འཇགས། ཁྱབ་ཁོངས་གསར་པའི་བདེ་འཇགས་སོགས་གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ས་ཁུལ། གཙོ་གནད་ཁ་ཕྱོགས་བཅས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལས་དོན་ལ་སྤྱི་འདོམས་བྱས་ནས་ཡག་པོ་སྒྲུབ་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ལམ་ལུགས་དང་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་ཁྱབ་ཁོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
སྒོ་དབྱེའི་ཆུ་ཚད་ཧ་ཅང་མཐོ་བའི་ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་དངོས་ཚན་ཆུང་གྲས་ཡིན་པའི་ཨའོ་མོན་ལ་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོའི་ཚོད་འཛིན་འཕྲད་ཡོད་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་རྩ་བའི་ཐབས་ལམ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་ནང་བླང་བྱ་ཁག་བཞི་བཏོན་གནང་བ་སྟེ། དོན་ཚན་དང་པོ་ནི་དཔལ་འབྱོར་འོས་འཚམ་དང་སྣ་མང་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཨའོ་མོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགག་རྩའི་གནད་འགག་ལ་དམ་འཛིན་དང་། གནད་འཕིགས་ཀྱི་བསམ་གཞི་བཏོན་གནང་བ་དེ་རེད། སྤྱི་ཡོངས་ནས་བལྟས་ན། རྒྱན་འགྱེད་དང་རྒྱན་ཤོག་མིན་པའི་ལས་རིགས་ཀྱིས་ཨའོ་མོན་གྱི་ས་གནས་དེ་གའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་61.7%ཟིན་ནས་རྒྱན་འགྱེད་དང་རྒྱན་ཤོག་ལས་རིགས་ཀྱི“ལས་རིགས་གཅིག་ཁེར་རྐྱང་སྟོབས་ཆེར་གཏོང་བའི”རྣམ་པར་རིམ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ“ཨའོ་མོན་ཚན་རིག་རྟགས་ཅན་དང་པོའི”སྲུང་སྐར་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་གྲུབ་འབྲས་ཐོབ་པའི་ངང་འཕེན་གཏོང་བྱས་པ་དེ་ཨའོ་མོན་གྱི་ཚན་རྩལ་སྟོབས་ཤུགས་ཆེ་བའི་མིང་བྱང་ཞིག་ཏུ་གྱུར་ཡོད། འབྱུང་འགྱུར་ལ་ཕྱོགས་ནས་སེམས་ནུས་གཅིག་སྒྲིལ་གྱིས་དཔལ་འབྱོར་ཧུར་ཐག་གཉེར་བ་དང་། འཕེལ་རྒྱས་དོན་གཉེར། འཛུགས་སྐྲུན་བཅས་བྱས་ཏེ། རང་ངོས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་ཟུང་འབྲེལ་གྱིས་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་ཐོན་ལས་གསར་པ་སྐྱེད་སྲིང་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཧེང་ཆིན་ཀོང་ཨའོ་མཉམ་ལས་གཏིང་ཟབ་ཁུལ་དང་ཨའོ་མོན་གྱི་དཔལ་འབྱོར་ཚད་མཐོའི་མཐུན་སྦྱོར་དང་སྒྲིག་སྲོལ་སྦྲེལ་མཐུད་གཏིང་ཟབ་ལ་སྐུལ་འདེད་གཏོང་བ། སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ཚེ། ཨའོ་མོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐས་རིམ་གསར་པར་སླེབས་རྒྱུར་དེ་བས་སྣེ་ཁྲིད་ཐུབ་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་ཨའོ་མོན་གྱི་གྲོང་མིར་བདེ་སྐྱིད་དེ་བས་མང་བ་དང་དེ་བས་ལེགས་པར་ཐོབ་ངེས་རེད།