ནག་ཆུ་གྲོང་ཁྱེར་གྱིས་འབྲོག་ཟོག་ཚོང་འདུས་སྐབས་བཅུ་བདུན་པ་གཉེར་བ།
ཚེས་20ཉིན། ནག་ཆུ་གྲོང་ཁྱེར་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་གྲུབ་འབྲས་འགྲེམས་སྟོན་སྐབས་གསུམ་པ་དང་འབྲོག་ཟོག་ཚོང་འདུས་སྐབས་བཅུ་བདུན་པ་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་ཚོང་འདུས་དེ“ཐོན་ལས་ཀྱིས་སྣེ་ཁྲིད་དང་། འཛད་སྤྱོད་རྒྱ་སྐྱེད། འབབ་འཕར་ལ་སྐུལ་འདེད”བཅས་བརྗོད་དོན་གཙོ་བོར་བྱས་ནས“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་གྲུབ་འབྲས་འགྲེམས་ཁུལ་དང་། འབྲོག་ཟོག་འགྲེམས་ཁུལ། སྣེ་འདྲེན་ཁེ་ལས་འགྲེམས་ཁུལ། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་འགྲེམས་ཁུལ། “གཉིས་གཏོད”འགྲེམས་ཁུལ་བཅས་བཀོད་སྒྲིག་བྱས་ཡོད་པ་རེད། འགྲེམས་ཁུལ་དུ་སྤུས་ལེཌ་ཀྱི་ཚགས་ཤ་དང་། ལུག་ཤ དཀར་ཆུའི་ཐོན་རྫས། ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་བཤམས་ནས་ནག་ཆུའི་ཁྱད་ལྡན་ལེགས་ཆའི་ཐོན་རྫས་དང་ཐུན་མིན་གྱི་ཡིད་དབང་འཕྲོག་ཤུགས་ལྡན་པའི་སྲོལ་རྒྱུན་རིག་གནས་གང་ལེགས་མངོན་པར་བྱས་ཡོད་པ་རེད།
གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱི་འབྲོག་ལས་ཐོན་སྐྱེད་རིན་ཐང་བརྟན་པོའི་ངང་འཕར་བ་དང་ཕྱུགས་རིགས་ཉོ་ཚོང་ཁྲོམ་ར་འཁྲུག་ཏུ་ཕྱིན་ཞིང་། རིམ་ཁག་སྲིད་གཞུང་གིས་རྩྭ་ཕྱུགས་དོ་སྙོམས་དང་རྩྭ་ར་ནང་བཤུག་ལ་ལྕག་སྐུལ་དང་ཁྲིད་སྟོན་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་བ་དང་ཆབས་ཅིག ཞིང་འབྲོག་པའི་ཕྱུགས་རིགས་བཤས་གཏོང་བའི་ཧུར་སེམས་མངོན་གསལ་དོད་པོས་ཆེ་རུ་དང་འབྲོག་ལས་ཀྱི་མི་མངོན་པའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད། ཟླ་དང་པོ་ནས་དགུ་པའི་བར་ཁོ་ནར། འབྲི་གཡག་མགོ་གྲངས་64974བཤས་བཏང་བ་དེ་དུས་མཚུངས་ལས་29.66%འཕར་བ་དང་། ལུག་མགོ་གྲངས་90010བཤས་བཏང་བ་དེ་དུས་མཚུངས་ལས་5.61%འཕར་བ། འོ་མའི་ཐོན་འབབ་ཏུན་62853.33ཟིན་པ་དེ་དུས་མཚུངས་ལས་17.66%འཕར་ཡོད་པ་རེད།