དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བསམ་བློ་དང་བྱ་སྤྱོད་གཅིག་གྱུར་བྱས་ཏེ་རྒྱལ་ཁ་ཐོབ་ངེས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས།

    —— རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོཌ་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གྱི་གླེང་ཐེངས་དང་པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-24

    2024ལོ་མཇུག་འགྲིལ་ལ་ཉེ་ཞིང་2025ལོ་འགོ་ཚུགས་ལ་ཉེ། མིག་སྔའི་དཔལ་འབྱོར་གྱི་དུས་བབ་ལ་ལྟ་སྟངས་ཇི་ལྟར་འཛིན་ནམ། སང་ལོའི་དཔལ་འབྱོར་ལས་དོན་ཇི་ལྟར་སྒྲུབ་བམ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་མིག་སྔའི་འཕེལ་རྒྱས་ཀྱི་དུས་བབ་ལ་ཞིབ་འཇུག་དང་བརྡར་ཤ་གཏིང་ཟབ་བཅད་ནས་སང་ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས་པ་རེད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་དང་། རྒྱལ་ཁ་ཐོབ་ངེས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། བློ་བརྟན་འགྱུར་མེད་ངང་བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ། སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་། སྔོན་དཔག་གི་དམིགས་ཚད་གཙོ་བོ། གཙོ་གནད་ལས་འགན་བཅས་ལ་དམིགས་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས། བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་དགོས།

    ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་རེད། མི་རིང་བའི་གོང་འཚོགས་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལ་རྩོད་སྒྲུབ་དང་ཕྱི་རོལ་ཡུལ་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱས་ཏེ་2025ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་། སྲིད་ཇུས་ཀྱི་ཁ་ཕྱོགས། གཙོ་གནད་ལས་དོན་བཅས་ཁ་གསལ་བཟོས་པ་མ་ཟད། རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་སྔར་བས་རྒྱས་བཤད་བྱས་ཡོད། ཚོགས་འདུའི་ཐོག་དུས་རབས་གསར་པར་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་ལ་ཚན་རིག་དང་མཐུན་པའི་ཕྱོགས་སྡོམ་བྱས་ནས་ངེས་པར་དུ“འབྲེལ་བ་ཆ་ལྔའི”ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ལ་སྤྱི་འདོམས་ཡག་པོ་བྱེད་དགོས་ལུགས་བཏོན་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་། ལྷག་པར་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཕྱོགས་ཡོངས་དང་། བརྒྱུད་རིམ་ལྡན་པ། མཐའ་གསལ་མཐིལ་རྟོགས་བཅས་ཀྱི་སྒོ་ནས་སློབ་སྦྱོང་དང་གོ་བ་བླངས་ཏེ་དོན་དངོས་དང་ཟུང་འབྲེལ་གྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་ཀའི་བསམ་ཕྱོགས་སུ་བསྒྱུར་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དག་བོད་དུ་རྩ་བ་ཚུགས་པ་དང་མེ་ཏོག་བཞད་ནས་འབྲས་བུ་སྨིན་པར་འགན་ལེན་བྱེད་དགོས།

    དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་དགོས་ན། “དུས”ལ་གསལ་པོ་ལྟ་དགོས་ལ“བབ”དེ་བས་ཀྱང་རྟོགས་དགོས། སྤྱི་ཡོངས་ནས་བལྟས་ན། རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སྔོན་ཆད་དང་བསྡུར་ན་ཡར་རྒྱས་ཆེན་པོ་ཕྱིན་པ་དང་། ས་ཆ་གཞན་དང་བསྡུར་ན་མྱུར་ཚད་མགྱོགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ་བཅས་ལས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་བསྐྲུན་རྒྱུར་སྔར་བས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི་བཏིང་ཡོད། རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་འཕྲད་པའི་འཐབ་ཇུས་ཀྱི་གོ་སྐབས་དང་། ཉེན་ཁའི་འགྲན་སློང་མཉམ་དུ་གནས་ཤིང་། རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་ལེགས་ཕྱོགས་སུ་རྒྱུན་མཐུད་འཕེལ་བ་དང་། གཙོ་གནད་རྣམ་གྲངས་ཀྱིས་འདེགས་སྐྱོར་ཤུགས་ཆེན་བྱེད་པ། རང་ངོས་གོང་འཕེལ་གཏོང་ནུས་ཤུགས་ཆེར་རྒྱུན་མཐུད་འགྲོ་བ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པ་བཅས་འཕེལ་རྒྱས་ཀྱི་མཐུན་རྐྱེན་རུབ་བསྡུས་མྱུར་པོ་བྱེད་བཞིན་ཡོད། ང་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་དུས་བབ་ལ་སྟངས་འཛིན་དང་འཕེལ་རྒྱས་གཏོང་བའི་གདེང་ཚོད་ཆེ་རུ་བཏང་སྟེ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་མི་སེམས་མཐུན་པ་དང་ལས་དོན་ཧུར་ཐག་སྒྲུབ་པའི་ལས་ཀའི་རྣམ་པ་བཟང་པོ་ཞིག་ཟམ་མི་ཆད་པར་སྲ་བརྟན་དང་རྒྱ་ཆེར་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པའི་མཉམ་ཤུགས་ཆེན་པོ་ཞིག་གཅིག་ཏུ་སྒྲིལ་དགོས།

    སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་དགོས་ན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པའི་ངོ་བོའི་བླང་བྱ་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་དགོས། འཕེལ་རྒྱས་གཏོང་རིང་འཕྲད་པའི་དཀའ་ངལ་དང་འགྲན་སློང་ནི་སྒྱུར་བཅོས་ཀྱི་དཀའ་གནད་དང་། འཕེལ་རྒྱས་ཀྱི་འགག་ས། དམངས་འཚོའི་གནད་ས་བཅས་རེད་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཤུགས་རྒྱག་སའང་རེད། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ་འཕེལ་རྒྱས་ལ་སྟངས་འཛིན་དང་། འཕེལ་རྒྱས་ལ་ཚད་འཇལ། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་ཐོག་ནས་སྲིད་ཇུས་ཀྱི་ལེགས་ཆ་དང་། ཐོན་ཁུངས་ཀྱི་ལེགས་ཆ། རྗེས་ཐོན་གྱི་ཁྱད་ཡོན་བཅས་སྔར་ལས་ལྷག་པར་འདོན་པ་དང་། སྤུས་ཚད་སྔར་བས་མཐོ་བ་དང་། ལས་ཕྱོད་སྔར་བས་ཆེ་བ། སྔར་བས་འདྲ་མཉམ་ལྡན་པ། སྔར་བས་རྒྱུན་མཐུད་པ། སྔར་བས་བདེ་འཇགས་ལྡན་པ་བཅས་ཀྱི་འཕེལ་རྒྱས་ཧུར་ཐག་ཡོང་བར་བྱས་ནས་བོད་ཀྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།