འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཐུབ་པར་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས།
—— རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
ཟླ་12ཚེས་20ཉིན་དང་21ཉིན། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཚང་འཛོམས་གྲོས་ཚོགས་ལ་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་རང་རྟོགས་ངང་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པས་བསམ་བློར་དྲག་ཆས་སྤྲས་ནས་ཚོགས་འདུའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། འབད་འབུངས་ཡར་བརྩོན། ཚད་མཐོའི་འགན་འཁྲི་འཁུར་བའི་རྣམ་འགྱུར། འགན་འཁྲི་འཁུར་ཕོད་པའི་བློ་སྟོབས། དངོས་སྒྲུབ་སྤྱོད་གོ་ཆོད་པའི་བྱེད་ཐབས་བཅས་ལ་བརྟེན་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རྒྱུན་མཐུད་སྐུལ་འདེད་གཏོང་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱི་ཅུས་ཀྲང་ཀྲོའུ་ཧྲེང་དབྱི་ཡིས། “འདི་ལོ་ཚུན་དུ་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང་། ཐོན་ལས་ཀྱི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་པ། གསར་དར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད”ད་ཐེངས་ཀྱི་ཚོཌ་འདུའི་ཐོག་སང་ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ལ་ཁ་ཕྱོགས་གསལ་པོ་བསྟན་པས་དོན་སྙིང་གཏིང་ཟབ་ལྡན་ཡོད། སྟག་རྩེ་ཆུས་ཀྱིས་འཕེལ་ཕྱོགས་ཧ་ཅང་ཆེན་པོ་མུ་མཐུད་རྒྱུན་འཁྱོངས་བྱས་ནས་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམིགས་ཚད་དུ་འཛིན་པ་དང་། རང་ངོས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཐུབ་པ། ས་ཁོངས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་བཤད།
ཚོགས་འདུའི་ཐོག་སྣེ་འདྲེན་ཁེ་ལས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྤུས་རྟགས་ཅན་དང་གཞི་ཁྱོན་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་ཁྱིམ་ཚང་ཁྲི་སྟོང་མང་པོའི་ཐོན་སྐྱེད་ཆུང་ངུ་དང་འགྱུར་ལྡོག་ཆེ་བའི་ཁྲོམ་ར་ཆེན་པོ་སྦྲེལ་མཐུད་བྱེད་དགོས་ཞེས་ནན་བཤད་བྱས་ཡོད། དེའི་ཐད་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུས་ཀྱི་ཅུས་ཀྲང་ནོར་བུ་ཚེ་རིང་ལ་མྱོང་ཚོར་ཟབ་མོ་ཡོད་ཅིང་། ཁོང་གིས་ངོ་སྤྲོད་བྱས་པར། ཉེ་བའི་ལོ་ཤས་རིང་། གསེར་རྙེད་ཆུས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་ནན་པོ་བྱས་ནས་སྐྱེ་ཁམས་འབྲོག་ལས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རྒྱུད་བཟང་འདུ་འགོད་འཛུགས་སྐྱོང་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་བ། “ནག་ཆུའི་འབྲི་གཡག”སོགས་ཁྱད་ལྡན་སྤུས་རྟགས་ཐོན་ལས་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་པ། དགའ་བདེ་སྐྱེ་ཁམས་འབྲོག་ལས་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞི་གཏོད་པ། ཤང་དང་གྲོང་རྡལ་དུ་རིམ་པ་དང་པོའི་འོ་མ་བསྡུ་རུབ་ས་ཚིགས་10འཛུགས་པ། གྲོང་ཚོ་དང་གྲོང་ལྷན་དུ་གྲོང་ཚོ་རིམ་པའི་འོ་ཁུངས་ས་ཚིགས་100འཛུགས་པ་བཅས་བྱས་ནས“ཁྱད་ཆོས་དམིགས་བསལ་མེད་པ”དང“ལེགས་ཆ་བཟང་པོ་མེད་པའི”འཕེལ་རྒྱས་ཀྱི་དཀའ་གནད་བསལ་ཡོད། ནོར་བུ་ཚེ་རིང་གིས་ཡིད་ཆེས་བརྟན་དུ་བཏང་ནས་སྣེ་འདྲེན་ཁེ་ལས་གཅིག་གིས་འོ་ཁུངས་རྟེན་གཞི་བཅུ་ལ་སྐུལ་ཁྲིད་བྱེད་པ་དང་། འོ་ཁུངས་རྟེན་གཞི་བཅུ་ཡིས་གྲོང་ཚོ་རིམ་པའི་མཉམ་ལས་ཁང་བརྒྱ་ལ་སྐུལ་ཁྲིད་བྱེད་པ། གྲོང་ཚོ་རིམ་པའི་མཉམ་ལས་ཁང་བརྒྱ་ཡིས་འབྲོག་པ་དུད་ཚང་ཆིག་སྟོང་ལ་སྐུལ་ཁྲིད་བྱེད་པ། འབྲོག་པ་དུད་ཚང་ཆིག་སྟོང་གིས་འབྲི་དང་བཞོན་མ་ཁྲིར་སྐུལ་ཁྲིད་བྱེད་པ་བཅས་ཀྱི“གཅིག་བཅུ་བརྒྱ་སྟོང་ཁྲིའི”གཉེར་སྐྱོང་བྱེད་སྟངས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱ་རྒྱུ་ཡིན་ཞེས་བཤད།
ཚོགས་འདུའི་ཐོག་བརྟན་ཐོག་ཡར་འཕེལ་དང་ཡར་འཕེལ་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། གཞུང་འཁྱོངས་གསར་འབྱེད་དང་སྔོན་འཛུགས་རྗེས་གཏོར་བྱེད་པ་དང་། མ་ལག་འདུས་གྲུབ་དང་། མཐུན་སྦྱོར་གཞོགས་འདེགས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོའི་ནང་ཧུར་ཐག་ཞུགས་ཏེ་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས་ཞེས་ནན་བཤད་བྱས་ཡོད། རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་ཐིང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་ཙོའུ་ཀྲེན་ཡུས་ཀྱིས་ང་ཚོས་ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། གོ་བ་ཡག་པོ་ལོན་པ། ལག་བསྟར་ཡག་པོ་བཅས་བྱས་ཏེ་ཚན་རྩལ་ལས་དོན་གྱི“ཕྱོགས་པ་བཞི”མཐའ་འཁྱོངས་དང་། ཚན་རྩལ་གྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཚན་རྩལ་སྟོབས་ཤུགས་འཛུགས་སྐྱོང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ། ཤེས་ལྡན་པའི་འཚར་ལོངས་ཁོར་ཡུག་ཧུར་ཐག་གཏོད་པ། ལག་རྩལ་གསར་གཏོད་ཁྲོད་ཁེ་ལས་ཀྱི་བྱེད་པོའི་གནས་བབ་དང་གཙོ་ཁྲིད་ནུས་པ་ཆེ་རུ་གཏོང་བ། ཚན་རྩལ་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རྣམ་གྲངས་དང་། ལས་སྟེགས། ཤེས་ལྡན་པ། མ་དངུལ་བཅས་གཞི་གཅིག་ཅན་གྱི་བཀོད་སྒྲིག་ལམ་སྲོལ་འཛུགས་པ། ས་མཐོར་འཚམ་པའི་འགག་རྩ་དང་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཚན་རྩལ་གྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།