དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “སྐལ་བཟང་མེ་ཏོག”སློབ་སྐྱོར་ཚོགས་པས་བོད་དུ་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-24

    འདི་ལོ་ནི་ཁ་གཏད་བོད་སྐྱོར་ལས་དོན་སྤེལ་ནས་ལོ་30འཁོར་བའི་ལོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་ལས་འགན་ཞིག་རེད”ཅེས་གསུངས་ཡོད།

    ལོ་30ཡི་རིང་། བོད་སྐྱོར་ཤེས་ལྡན་ལས་བྱེད་པས་རི་ཀླུང་ཁྲི་སྟོང་བརྒལ་ནས་གངས་ལྗོངས་ས་མཐོར་འབད་འཐབ་བྱས་པས། བོད་ལྗོངས་འདི་ཉིད་འཕེལ་རྒྱས་འགྲོ་མགྱོགས་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ཀྱི་ཐོབ་སྣང་ཆེ་ཤོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་སུ་སླེབས་ཡོད།

    བོད་སྐྱོར་དཔུང་ཁག་ཁྲོད་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཞུ་མཁན་བོད་སྐྱོར་དང་བླངས་པ་སྟེ། ཧུའུ་པེ་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་སློབ་གླིང་གི“སྐལ་བཟང་མེ་ཏོག”སློབ་གྲྭ་ཆེན་མོ་བའི་སློབ་སྐྱོར་ཚོགས་པ་དེ་འདྲ་ཞིག་ཡོད་པ་དང་། ཀྲོའུ་ཀྲི་ཁྲའོ་ནི་དེའི་གྲས་ཤིག་རེད། ཟླ་9པར། ཁོང་དང་རུ་མི་གཞན་4བོད་དུ་ཡོང་ནས་ལས་གནས་སུ་ཞུགས་ཏེ་དུས་ཡུན་ལོ་ཕྱེད་ཀྱི་སློབ་སྐྱོར་བྱེད་འགོ་ཚུགས།

    2014ལོ་ནས་བཟུང་། སློབ་གྲྭ་དེའི་ཁག་17གྱི་མི་ཐེངས་88ཤང་དབྱང་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་བྱ་ཡུལ་འཕྱོངས་རྒྱས་རྫོང་དུ་ཡོང་ནས་འོས་འགན་སློབ་སྐྱོར་ལས་དོན་སྤེལ་བ་རེད། ཁོང་ཚོས་རང་གི་ལང་ཚོའི་འོད་སྣང་ལ་བརྟེན་ནས་ཕྲུ་གུ་ཚོའི་འབྱུང་འགྱུར་གསལ་བར་བྱས་པས“སྐལ་བཟང་མེ་ཏོག་ཡག་ཤོས”ཀྱི་མཚན་སྙན་ཐོབ་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་དང“བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”མཉམ་སྡེབ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།

    “སྐལ་བཟང་མེ་ཏོག”སློབ་སྐྱོར་ཚོགས་པས་ལོ་བཅུ་ཡི་རིང་དབྱར་དགུན་རེས་སྐོར་གྱིས་སློབ་ཁྲིད་ལ་གཞོལ་ཏེ་བོད་རིགས་སློབ་མ་འབོར་ཆེན་ཞིག་རི་ཁུག་ནས་ཕྱིར་སྐྱོད་རོགས་བྱས་པ་མ་ཟད། སློབ་མ་ཚོས་བོད་ཀྱི་འགྱུར་ལྡོག་དེ་བས་ཚོར་ཐུབ་པ་བྱས་ཡོད།

    ཁང་ཆུང་ནས་བརྒྱུད་ལམ་སྣེ་མང་གི་སློབ་ཁང་བར།

    བསྡོམས་མ་དངུལ་སྒོར་དུང་ཕྱུར་1.2བཏང་ནས་གསར་དུ་བསྐྲུན་པའི་ཆ་ཚང་སློབ་ཆུང་དུ་སྐྱོད་སྐབས་དེང་རབས་ཅན་གྱི་སློབ་ཁྲིད་ཐོག་ཁང་དང་། བརྒྱུད་ལམ་སྣེ་མང་གི་སློབ་ཁང་། ཚད་ལྡན་གྱི་རྐང་རྩེད་སྤོ་ལོའི་ཐང་བཅས“སྐལ་བཟང་མེ་ཏོག”ཁག་བཅུ་བདུན་པའི་སློབ་སྐྱོར་ཚོགས་པའི་ཁོངས་མི་ཚོའི་མིག་ལམ་དུ་ཁྲ་ལྷམ་མེར་མངོན།

    ཁོང་ཚོ་དེ་བས་ཧང་སངས་དགོས་པ་ཞིག་ལ་འཕྱོངས་རྒྱས་རྫོང་སློབ་འབྲིང་དང་ཆ་ཚང་སློབ་ཆུང་གི་རྒྱུགས་འབྲས་ལྷོ་ཁ་གྲོང་ཁྱེར་གྱི་མདུན་གྲལ་དུ་སླེབས་ཀྱི་ཡོད་པ་རེད།

    དེ་ནི་རེས་སྐོར་ཐེངས་དང་པོའི་སློབ་སྐྱོར་རུ་མི་ཧོ་ཧྥེང་ཧྥང་སོགས་ཐོག་མར་ཡོང་སྐབས་དང་བསྡུར་ན་གནམ་ས་ལྟ་བུའི་ཁྱད་པར་ཡོད།

    ཧོ་ཧྥེང་ཧྥང་གིས“སྐབས་དེ་དུས་སློབ་གྲྭ་དེར་རྒྱལ་སྒོ་ངོ་དྲག་པ་གཅིག་ཀྱང་མེད་པ་དང་། སློབ་ཁང་གི་ཐོག་དཔང་དམའ་ལ་ཧ་ཅང་རྙིང་ཧྲུལ་ཡིན་པ་མ་ཟད། དགེ་རྒན་ཡང་ཧ་ཅང་དཀོན་པོ་ཡོད”2013ལོར་འཕྱོངས་རྒྱས་རྫོང་སློབ་འབྲིང་ནས་ལྗོངས་ཕྱིའི་བོད་ལྗོངས་འཛིན་གྲྭར་སློབ་མ་གཅིག་ལས་ཚུད་མེད་ཅེས་བརྗོད།

    ཕྲུ་གུ་ཚོའི་སློབ་སྦྱོང་གི་རྨང་གཞི་བརྟན་དུ་གཏོང་རོགས་བྱ་རྒྱུ་དེ“སྐལ་བཟང་མེ་ཏོག”སློབ་སྐྱོར་ཚོགས་པའི་ཁོངས་མི་ཚོའི་ལས་འགན་གཙོ་བོར་གྱུར་ཡོད།

    སྨི་ངོས་གྲུ་20ཡོད་པའི་ཁང་མིག་ཆུང་ཆུང་ཞིག་ནང་སྒྲོག་ཙེ་དང་རྐུབ་སྟེགས་རྙིང་ཧྲུལ་ཁ་ཤས་དང་། ལྷུ་སྒྲིག་ཆོག་པའི་ནག་པང་ཞིག་ཡོད་པའི་ཟུར་ཁྲིད་འཛིན་གྲྭ་དང་པོ་དེ་འཕྱོངས་རྒྱས་རྫོང་སློབ་འབྲིང་དུ་བསྐྲུན།

    “སྐལ་བཟང་མེ་ཏོག་སློབ་སྐྱོར་ཚོགས་པ་ཁག་གཉིས་ཀྱིས་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། 2015ལོར་ཟུར་ཁྲིད་འཛིན་གྲྭའི་སློབ་མ་10ལྗོངས་ཕྱིའི་བོད་ལྗོངས་འཛིན་གྲྭའི་སློབ་གྲྭར་རྒྱུགས་འཕྲོད་པ་རེད།

    སློབ་ཆེན་ཐོན་ནས་ལྷ་སར་ལས་ཀ་བྱེད་བཞིན་པའི་བློ་བཟང་བཀྲ་ཤིས་ཀྱིས“ཁང་ཆུང་དེ་ནམ་ཡང་དྲན་གྱི་འདུག”གལ་ཏེ་ཟུར་ཁྲིད་འཛིན་གྲྭ་དེ་མེད་ཚེ་རང་ཉིད་མཐོ་རིམ་སློབ་འབྲིང་ལ་རྒྱུགས་འཕྲོད་མི་སྲིད་ལ་སློབ་ཆེན་དུའང་འགྲོ་ག་ལ་ཐུབ་ཅེས་བཤད།

    སློབ་སྐྱོར་ཚོགས་པ་ཁག་གསུམ་པ་ནས་བཅུ་བདུན་པའི་བར་ཟུར་ཁྲིད་འཛིན་གྲྭའི་རྒྱུན་ཆད་མྱོང་མེད། འོན་ཀྱང་སློབ་ཁྲིད་ཁོར་ཡུག་ནི་ཁང་ཆུང་རྙིང་ཧྲུལ་ནས་འོད་འཁྲིད་ཚི་སྐུད་ཀྱི་དྲ་སྦྲེལ་ཁྱབ་པའི“སྤྲིན་ཚོམ”གྱི་བརྒྱུད་ལམ་སྣེ་མང་སློབ་ཁང་དུ་གྱུར་ཡོད། “སྐལ་བཟང་མེ་ཏོག”སློབ་སྐྱོར་ཚོགས་པའི་ཁོངས་མི་རྣམས་གུ་དོག་ལ་མི་མང་པོ་རུབ་ནས་སྡོད་དགོས་པའི་ཉལ་ཁང་ནས་གསར་དུ་བསྐྲུན་པའི་ཤེས་ལྡན་པའི་ལས་ཤག་ཏུ་སྤོས་ཡོད།

    སློབ་སྦྱོང་གི་ཁོར་ཡུག་ལེགས་སུ་ཕྱིན་པར་བརྟེན། ཕྲུ་གུ་རྣམས་དེ་བས་སྐྱིད་སྣང་དོད་པའི་ཤེས་བྱའི་རྒྱ་མཚོར་རྐྱལ་རྩལ་ངོམ་རྒྱུ་བྱུང་ཡོད།

    སྣ་མང་ཕུན་སུམ་ཚོགས་པའི“སློབ་ཚན་གཉིས་པ”

    “སློབ་གྲོགས་ཚོ། ཚང་མས་ངའི་ལད་མོ་གྱིས་ཨང”ཞེས་ཟླ་11ཚེས་10ཉིན་ཆ་ཚང་སློབ་ཆུང་གི་ལུས་རྩལ་ཐང་ཆེན་ཐོག“སྐལ་བཟང་མེ་ཏོག”གི་རུ་མི་ཐན་རུའེ་ཡིས་སློབ་མ་བཅུ་ཕྲག་ཁ་ཤས་ཁྲིད་དེ་ཁུ་ཚུར་རྒྱག་སྟངས་བསླབ།

    ཐན་རུའེ་སླེབས་རྗེས་སྲོལ་རྒྱུན་གྱི་དྲག་རྩལ་སླར་ཡང་སློབ་གྲྭ་དེར་ཁྱབ། ལོ་8ཀྱི་གོང་སློབ་སྐྱོར་རུ་མི་ལེའོ་ཝུན་མའོ་ཡིས་འཕྱོངས་རྒྱས་རྫོང་སློབ་འབྲིང་གི་དྲག་རྩལ་ཚོགས་པ་དང་པོ་དེ་བཙུགས་པ་རེད།

    “རྒན་ལགས། ང་རང་གནམ་བདེ་སྒོ་མོ་ཆེའི་རི་མོ་ཞིག་འབྲི་འདོད་འདུག”ཅེས་དང“རྒན་ལགས་ཀྱིས་སླར་ཡང་ང་ལ་གསལ་པོར་སློབ་རོགས་གནང”ཞེས་པ་སློབ་སྐྱོར་རུ་མི་ལུའེ་པང་ཅ་ཡིས་2016ལོར་སློབ་འབྲིང་དུ་མཛེས་རྩལ་ཚོགས་པ་དང་པོ་དེ་འཛུགས་སྐབས་ཕྲུ་གུ་ཚོའི་སྐོམ་པ་ཆུ་འདོད་ལྟར་གྱི་རེ་བ་དག་ད་ལྟའང་བློ་ལ་བརྟན་པོར་ངེས་ཡོད། སློབ་ཚན་འཚོག་རིམ་བཞིན་ཚང་མས་ད་དུང་སློབ་ཁྲིད་འཕར་མ་ཆུ་ཚོད་ཕྱེད་ཀ་ཙམ་བྱ་རྒྱུའི་རེ་བ་འདོན་གྱི་ཡོད།

    མཉམ་གཞས་རུ་ཁག་དང་པོ་དང་། རྒྱལ་དར་སྲུང་སྐྱོང་རུ་ཁག་དང་པོ། ཚན་རྩལ་གསར་གཏོད་ཁང་དང་པོ། རྐང་རྩེད་སྤོ་ལོའི་རུ་ཁག་དང་པོ། ལན་ཆིའུ་སྤོ་ལོ་ཁང་དང་པོ། མཛེས་རིས་འགྲེམས་སྟོན་ཁང་དང་པོ། འཕྲུལ་མིའི་འཕྲལ་བརྙན་དང་པོ། རྒྱ་བོད་སྐད་གཉིས་ཀྱི་རླུང་འཕྲིན་ས་ཚིགས་དང་པོ། སློབ་གསེང་གི་ལུས་སྦྱོང་ལུས་རྩལ་ཆ་ཚང་དང་པོ་སོགས“སློབ་ཚན་གཉིས་པ”ཆར་རྗེས་ཀྱི་མྱུ་གུ་བཞིན་འབུས་བཞིན་མཆིས།

    “རྒན་ལགས། གནམ་སྐུད་ཇི་ཙམ་མཐོ་ན་བརྡ་རྟགས་དེ་ཙམ་གྱིས་ཡག་པ་ཡོད་པ་དང” “རྒྱུ་མཚན་གང་ཡིན་ནམ” “ངའི་ཁྱིམ་གྱི་གནམ་སྐུད་ཐོག་ཁར་བཞག་ཚེ་ལེ་ཚན་དེ་བས་མང་བ་འདུག”ཅེས་2017ལོའི་ཟླ་10པར་སློབ་མ་ཞིག་གིས་སློབ་སྐྱོར་རུ་མི་ལི་ཁྲང་ཚུན་ལ་དེ་ལྟར་དྲིས།

    འཕྱོངས་རྒྱས་རྫོང་སློབ་འབྲིང་གི་ཚན་རྩལ་གསར་གཏོད་ཁང་འཛུགས་མཁན་ལི་ཁྲང་ཚུན་གྱིས་འཕྲལ་དུ་ལན་མ་བརྒྱབ་པར་ལྗོངས་ཕྱིའི་ས་བབ་སྨི་5ནས་ས་བབ་སྨི་4000བར་གྱི་ས་ཆ་མི་འདྲ་བར་བསྐྱོད་ནས་གྲངས་གཞི་ཚད་ལེན་བྱས།

    འབྲས་བུར་གཞིགས་ན། ཕྲུ་གུ་ཚོས་ཇུས་འགོད་བྱས་པའི“ས་བབ་ཀྱི་མཐོ་ཚད་དང་བྱང་སྐར་སྤུན་བདུན་སྲུང་སྐར་གྱི་བརྡ་རྟགས་མང་བའི་འབྲེལ་ཡོད་རང་བཞིན་གྱི་ཞིབ་བཤེར”གྱི་ཚོད་ལྟར“བྱང་སྐར་སྤུན་བདུན་གྱི་སྣེ་ཁྲིད་ཕུགས་འདུན”ཞེས་པའི་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེན་པོའི་བྱ་དགའ་ཨང་དང་པོ་ཐོབ་པ་རེད། རྗེས་སུ་ཚན་རྩལ་གསར་གཏོད་ཁང་དེ་བྱང་སྐར་སྤུན་བདུན་འཛིན་གྲྭ་ཞེས་པར་མིང་བསྒྱུར་ནས་ད་བར་རྒྱུན་འཁྱོངས་བྱས་ཡོད།

    “ཐང་དཀར་རྒོད་པོ་བཞིན་དུ་ནམ་འཕང་གཅོད། སྡོང་རྒན་བཞིན་དུ་རྩ་བ་བརྟན་པོར་ཚུགས”བཅར་འདྲི་དང་ལེན་བྱེད་མཁན་སློབ་མ་ཚོས། སློབ་ཚན་གཉིས་པ་དེས་མི་ཚེའི་བློ་སྒོ་གསར་པ་ཞིག་ཕྱེ་སོང་བས་མཐོང་རྒྱ་ཆེ་རུ་ཕྱིན་ཏེ་ང་ཚོས་མེས་རྒྱལ་དང་བོད་ལ་སྔར་བས་དགའ་ཞེན་དང་རང་ལ་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་སོང་། ང་ཚོ་རི་ཁུག་ནས་ཕྱིར་སྐྱོད་དོན་ནི་ཕ་ཡུལ་འཛུགས་སྐྲུན་བྱ་ཆེད་ཡིན་ཞེས་བཤད།

    ཁྱིམ་དུ་འཚམས་འདྲིར་སྐྱོད་པའི་ལམ་བུ།

    ཟླ་9ཚེས་7ཉིན་ཧུའུ་པེའི་རིག་གནས་ཚན་ཁག་དང་རང་བྱུང་ཚན་རིག་ཚན་ཁག་སློབ་གླིང་དུ་རྒྱུགས་འཕྲོད་པའི་ཉི་མ་སྐལ་བཟང་སློབ་གྲྭར་འབྱོར་བ་དང་། ཁོང་བསུ་བར་ཡོང་མཁན་ནི་སློབ་སྐྱོར་དགེ་རྒན་ཅི་ཀོན་ཧྲེང་རེད།

    ད་ཐེངས་ཀྱི་བསྐྱར་འཛོམས་ཆེད་ཅི་ཀོན་ཧྲེང་གིས་ཆེད་མངགས་ཐག་རིང་ཧྲན་ཏུང་ནས་ཤང་དབྱང་དུ་ཡོང་བ་དང་། ཁོང་གཉིས་པོས་མཉམ་དུ་གླུ་དབྱངས《སྒྲོན་འོད》ཞེས་པ་དེ་བླངས་ནས་དགེ་སློབ་དབར་གྱི་བརྩེ་བ་མཚོན་པར་བྱས།

    གླུ་ལེན་བཞིན་པའི་བརྙན་ལམ་མཐོང་རྗེས་ཧྭ་བྱང་གློག་ཤུགས་སློབ་ཆེན་གྱི་ལོ་རིམ་གཉིས་པའི་སྐལ་བཟང་བཀྲ་ཤིས་ཀྱིས་2018ལོའི་ཟླ་མཆོད་དུས་ཆེན་སྐབས་ཅི་ཀོན་ཧྲེང་རང་ཁྱིམ་དུ་འཚམས་འདྲིར་ཡོང་བའི་གནས་ཚུལ་ད་ལྟའང་བློ་ལ་ངེས་ཀྱི་ཡོད།

    “ལམ་བར་དུ་རྒན་ལགས་ཀྱིས་ང་ལ་ལྗོངས་ཕྱིའི་གནས་ཚུལ་མང་པོ་བརྗོད་བྱུང་། ལམ་ཐག་རིང་ན་ཡང་ང་ཚོའི་སེམས་པ་དམ་པོར་སྦྲེལ་ཡོད”ཅེས་སྐལ་བཟང་བཀྲ་ཤིས་ཀྱི་བཤད།

    སྐྱོད་མི་ཚར་བའི་འཚམས་འདྲིའི་ལམ་དང་བཤད་མི་ཚར་བའི་སེམས་ནང་གི་སྐད་ཆ།

    ས་རྒྱ་སྤྱི་ལེ་ངོས་གྲུ་1030ཡོད་པའི་འཕྱོངས་རྒྱས་རྫོང་ལ་རྒྱུན་སྡོད་མི་འབོར་ཁྲི་15ལས་མེད་པས། ས་རྒྱ་ཆེ་ལ་མི་འབོར་ཉུང་བར་བརྟེན་ལོ་བཅུའི་གོང་དུས་གཏན་འགྲུལ་སྐྱེལ་རླངས་འཁོར་ཧ་ཅང་ཉུང་ཉུང་རེད། “སྐལ་བཟང་མེ་ཏོག”འཚམས་འདྲི་ཚོགས་པ་ཕར་འགྲོ་ཚུར་འོང་བྱེད་པར་ཆུ་ཚོད་ཁ་ཤས་འགོར་བ་ནི་རྒྱུན་གཏན་གྱི་གནས་ཚུལ་ཞིག་རེད།

    “ད་ཆ་ཆ་རྐྱེན་ཧ་ཅང་ཡག་ཏུ་ཕྱིན་འདུག”ད་ལོ་སློབ་སྐྱོར་ལེགས་གྲུབ་ཟིན་མ་ཐག་པའི“སྐལ་བཟང་མེ་ཏོག”ཁག་བཅུ་དྲུག་པའི་ཁོངས་མི་ཀྲོའུ་ཡུས་ཀྱིས། གྲོང་ཚོར་ལོ་ཁ་ཤས་གོང་ནས་ཨར་འདམ་ལམ་ཤར་གཏོང་ཐུབ་ཡོད། ལམ་བར་དུ་འདམ་དོང་ནང་འགྲོ་དགོས་མེད་ལ་རི་འཛེགས་ནས་མགྱོགས་ལམ་ཡང་བརྒྱུད་དགོས་མེད། འཚམས་འདྲིར་སྐྱོད་ཐེངས་གཉིས་ལ་སེམས་རྩ་འཁོལ་བའི་ཁ་ལོ་བས་ང་ཚོ་ཐད་ཀར་ང་ཚོར་གྲོང་ཚོར་བསྐྱལ་བྱུང”ཞེས་བཤད།

    ལོ་10ཡི་ནང་ཁྱིམ་དུ་འཚམས་འདྲིར་བསྐྱོད་པས་བརྩེ་སེམས་ཇེ་ཟབ་ནས་ཇེ་ཟབ་ཏུ་ཕྱིན།

    བརྩེ་སེམས་དེས“སྐལ་བཟང་མེ་ཏོག”མི་ཉུང་བ་ཞིག་གི་ལས་ཞུགས་ཁ་ཕྱོགས་ལ་འགྱུར་ལྡོག་ཕྱིན་ཡོད།

    གསར་འགོད་པས“སྐལ་བཟང་མེ་ཏོག”ཚོགས་པར་སྤྲད་པའི་འདྲི་ཤོག་བརྟག་དཔྱད་ལས་མངོན་པར། “སྐལ་བཟང་མེ་ཏོག”96%གིས་སློབ་སྐྱོར་གྱི་ཉམས་མྱོང་ལས་ཁོང་ཚོར་དཀའ་ངལ་ལ་མི་འཛེམས་པར་འགྲན་སློང་དང་ལེན་བྱེད་པའི་བློ་སྟོབས་འཕེལ་བའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། སློབ་གྲྭ་ཐོན་པའི“སྐལ་བཟང་མེ་ཏོག”ཁྲོད་ཀྱི་80%གཞི་རིམ་མམ་ཡང་ན་སློབ་གསོའི་ཁྱབ་ཁོངས་སུ་ལས་ཀ་བྱ་རྒྱུའི་གདམ་ག་བྱས་པ་དང་ད་དུང་མི་10བོད་དུ་གཞིས་ཆགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།