ནག་ཆུ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་བློ་བཟང་ཉི་མས།
དཔེ་ཁྲིད་མི་སྐྱོང་དང་ནད་བཅོས་སྲོག་སྐྱོབ་གཉིས་ཀར་འཐུས་ཤོར་མི་ཡོང་བ་བྱེད་པ།
《བོད་ལུགས་དང་ཕྱི་ལུགས་གསོ་རིག་གི་ནད་སྐྱོང་ལག་དེབ》(སྟོད་ཆ་དང་སྨད་ཆ)དཔེ་སྐྲུན་བྱས་ནས་བོད་ལུགས་གསོ་རིག་གི་སློབ་གསོའི་བྱ་གཞག་ལ་བསླབ་གཞི་མཁོ་འདོན་བྱས་པ་དང་། ཁྲག་ཤེད་སྙོམས་སྒྲིག་དང་ཁྲག་སླ་རུ་གཏོང་བའི་སྨན་སྦྱོར་རྟ་བྱས་པ་དང་ལོ་བཅུ་ལྷག་ཙམ་ནད་ཐོག་སྨན་བཅོས་ཀྱི་ལག་ལེན་ཁྲོད་ཚོད་ལྟ་ཐེངས་མང་བྱས་པ་བརྒྱུད་ཡོངས་ཁྱབ་ཏུ་ཁས་ལེན་ཐོབ་པ། འབྲི་གུང་གྲང་སྦྱོར་རིལ་བུ་སོགས་བོད་སྨན་སྣ་ཁ་132སློབ་མ་ཚོའི་སྣེ་ཁྲིད་དེ་སྦྱོར་རྟ་བྱས་ནས་ཁོང་ཚོས་ལག་ལེན་ཁྲོད་བོད་སྨན་གྱི་ཤེས་བྱ་དང་རྩལ་ནུས་སྔར་བས་ཁོང་དུ་ཆུད་པར་བྱས་པ། ཡུན་རིང་བོད་ལུགས་གསོ་རིག་ཆེད་ལས་རིག་ཚན་གྱི་སྣེ་ཁྲིད་པ་བྱས་ནས་ནད་བཅོས་སྲོག་སྐྱོབ་བྱེད་བཞིན་ཡོད། རྒྱུན་དུ་ཁོང་གིས་དགེ་རྒན་དང་སྨན་པ་གཅིག་ལྕོགས་བྱེད་ཀྱི་ཡོད།
ནག་ཆུ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་བློ་བཟང་ཉི་མས་སྨན་བཅོས་སློབ་གསོའི་བྱ་གཞག་ནང་ཞུགས་ཏེ། རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་དཔེ་ཁྲིད་མི་སྐྱོང་དང་ནད་བཅོས་སྲོག་སྐྱོབ་གཉིས་ཀར་འཐུས་ཤོར་མི་ཡོང་བ་བྱེད་ཀྱི་ཡོད།
འདི་ལོ་ལོ་48ལ་སླེབས་པའི་བློ་བཟང་ཉི་མས་2002ལོར་སློབ་ཁྲིད་ལས་སྟེགས་ལ་ཞུགས་པ་ནས་བཟུང་། སེམས་ནུས་ཡོད་ཚད་བོད་ལུགས་གསོ་རིག་གི་སློབ་གསོའི་བྱ་གཞག་ལ་གཞོལ་ནས་ད་བར་བགྲང་བྱ་22ཙམ་སོང་ཡོད།
ལོ་22ཀྱི་གོང་བློ་བཟང་ཉི་མ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ནས་ཐོན་རྗེས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་སློབ་ཆུང་དུ་ལས་བགོས་བརྒྱབ། སྐབས་དེ་དུས་རྫོང་འཕྲོད་བསྟེན་ཁང་དུ་སྨན་པ་བསྟེན་མཁན་མི་སེར་མང་པོ་ཡོད། བློ་བཟང་ཉི་མས་རྟག་ཏུ་སློབ་གསེང་དང་གུང་གསེང་གི་དུས་ཁོམ་སྤྱད་ནས་འཕྲོད་བསྟེན་ཁང་དུ་རོགས་རམ་བྱེད་པ་མ་ཟད། ད་དུང་ཆེད་ལས་ཀྱི་ཤེས་བྱ་སྤྱད་དེ་ནད་པར་སྨན་བཅོས་བྱེད་ཀྱི་ཡོད།
བློ་བཟང་ཉི་མའི་ངོས་ནས་བརྗོད་ན། སྨན་བཅོས་བྱ་རྒྱུ་ནི་འགན་འཁྲི་ཞིག་རེད། ཁོང་གིས་གཞན་ཕན་ལྷག་བསམ་དཀར་པོས་ནད་བཅོས་སྲོག་སྐྱོབ་དང་སྨན་བཅོས་དགེ་སྒྲུབ་ཀྱི་རྩ་དོན་རྒྱུན་བསྐྱངས་ནས་ཟླ་ཕོགས་ཕྲན་བུ་ལས་མེད་ནའང་སྨན་རྩྭ་ཉོས་ཏེ་སློབ་གྲྭའི་དགེ་སློབ་དང་ཉེ་འཁོར་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་རིན་མེད་སྨན་བཅོས་བྱེད་ཀྱི་ཡོད།
སློབ་གསོའི་ཁྱབ་ཁོངས་སུ་བློ་བཟང་ཉི་མས་སྦྱངས་པ་གོ་ཆོད་བྱས་ཏེ་སྔ་རྗེས་སུ《བོད་ལུགས་དང་ཕྱི་ལུགས་གསོ་རིག་གི་ནད་སྐྱོང་ལག་དེབ་སྟོད་ཆ》དང《བོད་ལུགས་དང་ཕྱི་ལུགས་གསོ་རིག་གི་ནད་སྐྱོང་ལག་དེབ་སྨད་ཆ》དཔེ་སྐྲུན་བྱས་ནས་བོད་ལུགས་གསོ་རིག་གི་སློབ་གསོར་རྩ་ཆེའི་བསླབ་གཞི་མཁོ་འདོན་བྱས་ཡོད། སློབ་གསོའི་བྱ་གཞག་གཉེར་ནས་ལོ་མང་སོང་རིང་ཁོང་གིས་སློབ་མ་1000ལྷག་ཙམ་གསོ་སྐྱོང་བྱས་པ་དང་སློབ་མ་དེ་དག་སློབ་གྲྭ་ཐོན་རྗེས་རང་རང་སོ་སོའི་ལས་གནས་སུ་ནུས་པ་ཆེན་པོ་འདོན་བཞིན་ཡོད། དེའི་ནང་སློབ་མ་གཉིས་ཀྱིས་ད་དུང་བོད་སྨན་སྡེ་ཁག་བཙུགས་པ་དང་། སློབ་མ་12ཀྱིས་བོད་ལུགས་གསོ་རིག་གི་སྒོ་བསྟེན་སྨན་ཁང་བཙུགས་པ། སློབ་མ་18གཞི་རིམ་གྱི་སྨན་པར་གྱུར་པ། ནག་ཆུ་གྲོང་ཁྱེར་གྱི་རྫོང་དང་ཤང་ཁག་གི་སྨན་ཁང་ཚང་མར་ཁོང་གིས་གསོ་སྐྱོང་བྱས་པའི་རྐང་འཛིན་སྨན་པ་ཡོད།
བློ་བཟང་ཉི་མས་དཀའ་སྤྱད་འབད་བརྩོན་བྱས་པར་ཁས་ལེན་རྒྱ་ཁྱབ་དང་ཚད་མཐོའི་བསྔགས་བརྗོད་ཐོབ་ནས་སྔ་རྗེས་སུ“ཧོང་ཡན་ཕེ་ལས་རིགས་སློབ་གསོའི”ཕུལ་བྱུང་དགེ་རྒན་གྱི་བྱ་དགའ་དང“བྱང་ཐང་གི་གཞོན་ནུ་ཡག་ཤོས”ཀྱི་མཚན་སྙན་ཐོབ་པ་མ་ཟད། ད་དུང་རྫོང་རིམ་པ་དང་། སློབ་གྲྭ་རིམ་པ། གྲོང་ཁྱེར་རིམ་པ་བཅས་ཀྱི་ཕུལ་བྱུང་དགེ་རྒན་དང་། ཕུལ་བྱུང་ཏང་ཡོན། ཀུན་སྤྱོད་དཔེ་བཟང་སོགས་ལའང་ཐེངས་མང་བདམས་ཡོད།
བློ་བཟང་ཉི་མས་ལས་འགན་སྒྲུབ་སེམས་ཆེན་པོའི་ཐོག་ནས་བོད་བྱང་ཐང་དུ་རྩ་བ་ཚུགས་ནས་རང་ཉིད་ཀྱི་ལང་ཚོ་དང་ཁྲག་དྲོན་སྐྱེས་སུ་ཕུལ་ཡོད། ཁོང་གི་མཛད་རྗེས་བོད་བྱང་ཐང་དུ་ས་ཁྱབ་རྡོ་ཁྱབ་བྱུང་ནས་མི་མང་པོར་སློབ་གསོ་དང་སྨན་བཅོས་ཀྱི་ལམ་བུར་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་མ་ཐེབས་ཡོད།