འབད་བརྩོན་ཆེན་པོས“ནང་ངོས་མཐུན་རྐྱེན”ལེགས་སུ་བཏང་བ།
ལྷ་ས་མཐོ་གསར་ཁུལ་གྱིས་ཐབས་མང་མཉམ་དུ་སྤྱད་ནས་ཚོང་གཉེར་ཁོར་ཡུག་སླར་ཡང་ལེགས་སུ་འགྲོ་བར་རམ་འདེགས་བྱས་པ།
སྤུས་ལེགས་ཀྱི་ཚོང་གཉེར་ཁོར་ཡུག་ནི་ཐོན་སྐྱེད་ནུས་ཤུགས་དང་འགྲན་རྩོད་ནུས་པའི་མཚོན་ཚུལ་ཞིག་ཡིན་པ་མ་ཟད། མ་འཇོག་དང་ཤེས་ལྡན་པ་འགུགས་པའི་རྡོ་ཁབ་ལེན་ལྟ་བུ་ཞིག་དེ་བས་ཀྱང་ཡིན། འདི་ལོ་ལྷ་ས་མཐོ་གསར་ཁུལ་གྱིས《ཕྱོགས་ཡོངས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་སྟེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་གཏོད་པ》ཡི་དཔེ་མཚོན་ལ་བརྟེན་ཏེ་འགྲན་རྩོད་པ་མང་པོའི་ཁྲོད་ནས་གཟེངས་སུ་ཐོན་ཏེ། 《ཀྲུང་གོའི་གསར་སྤེལ་ཁུལ་གྱི་ཚོང་གཉེར་ཁོར་ཡུག་ཡག་ཤོས་བརྒྱ》ཡི་ནང་བདམས་ཐོན་བྱུང་བའི་རང་ལྗོངས་ཀྱི་དཔེ་མཚོན་འབའ་ཞིག་དེར་གྱུར་ཡོད།
ལས་ཕྱོད་ཆེ་རུ་བཏང་ནས་ཁེ་ལས་དང་མང་ཚོགས་ཀྱི་དགོས་མཁོར་དམིགས་པ།
དྲང་གཞག་ནུས་ཆེའི་ཁྲོམ་ར་ཅན་གྱི་ཚོང་གཉེར་ཁོར་ཡུག་ནི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞིའི་ཆ་རྐྱེན་ཞིག་རེད། ལྷ་ས་མཐོ་གསར་ཁུལ་གྱི་སྲིད་དོན་ཞབས་ཞུའི་ལྟེ་གནས་སུ་སྐྱོད་སྐབས་གྲལ་འགྲིག་ལ་དཀར་ཆ་དོད་པའི་ཁོར་ཡུག་དང་དེང་རབས་ཅན་གྱི་ཞབས་ཞུའི་སྒྲིག་བཀོད་ལས་མི་རྣམས་ལ་མཐོང་སྣང་གསར་པ་སྦྱིན་ཡོད།
སྲིད་དོན་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་ལས་སྒྲུབ་བརྒྱུད་རིམ་ལེགས་སུ་གཏོང་ཆེད།འདི་ལོའི་ཟླ་10པར་ལྷ་ས་མཐོ་གསར་ཁུལ་གྱི་ཏང་དོན་ཨུ་ལྷན་དང་དོ་དམ་ཨུ་ལྷན་གྱི་སྤྱི་འདོམས་བཀོད་སྒྲིག་འོག་ལྷ་ས་མཐོ་གསར་ཁུལ་གྱི་སྲིད་དོན་ཞབས་ཞུ་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་པ་རེད།
ཉེ་བའི་ལོ་ཤས་རིང་། ལྷ་ས་མཐོ་གསར་ཁུལ་གྱིས“དགོས་མེད་ཀྱི་འགལ་རྐྱེན་མི་བཟོ་བ་དང་འགྲོ་འོང་སྤེལ་རེས་མང་ཙམ་བྱེད་པའི”ཞབས་ཞུའི་འདུ་ཤེས་རྒྱུན་འཛིན་བྱས་ནས། ཁེ་ལས་ཀྱི་དགོས་མཁོར་དམིགས་ཏེ་ཐོག་མའི་བློ་འདྲིའི་འགན་འཁྲིའི་ལམ་ལུགས་དང་ABལས་གནས་ཀྱི་ལས་ཀའི་ལམ་ལུགས་སོགས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་འབྲེལ། “ཐེངས་གཅིག་ལས་འགྲོ་མི་དགོས་པའི་གསལ་ཐོ་ཁག་140”བཟོས་པས་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། དུས་མཚུངས་སུ“ལེགས་བསྡུས་ཞིབ་གཉེར་གྱི་ཁྲལ་གཉེར་ཁུལ”བཙུགས་ཏེ་སྒུག་སྡོད་དང་སྒྲུབ་གཉེར་ལས་ཡུན་ཐུང་དུ་བཏང་བ་དང་འབྲེལ“བློ་ཡིད་མ་ཚིམ་ན་ང་འཚོལ་རོགས”ཞེས་པའི་ཆེད་དོན་སྐར་ཁུང་བཙུགས་ཏེ་ཁེ་ལས་ཀྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་ཐུབ་ཡོད།
“ང་ཚོས‘ཐེངས་གཅིག་ལས་འགྲོ་མི་དགོས་པའི’སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང‘སྐར་ཁུང་གཅིག་ནས་སྒྲུབ་གཉེར་དང་ཐེངས་གཅིག་ལ་ཡག་པོ་གཉེར་བའི’ཞབས་ཞུའི་རྣམ་པ་ཁྱབ་གདལ་བཏང་ནས་ལས་ཕྱོད་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱ་རྒྱུ་ཡིན”ཞེས་ལྷ་ས་མཐོ་གསར་ཁུལ་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད།
ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་དམངས་གཉེར་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་བྱས་པ།
ཚོང་གཉེར་ཁོར་ཡུག་མུ་མཐུད་ཡག་ཐོག་ཡག་བརྩེགས་ཡོང་བར་བྱེད་དགོས། ཁེ་ལས་ཀྱི་དཀའ་ངལ་སེལ་བ་དང་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་རོགས་བྱ་ཆེད། ལྷ་ས་མཐོ་གསར་ཁུལ་གྱིས་དུས་ཚིགས་རེའི་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་དང་ལོ་ཕྱེད་ཀྱི་སྲིད་གཞུང་དང་། ཁེ་ལས། དངུལ་ཁང་བཅས་ཀྱི་བཞུགས་མོལ་ཚོགས་འདུའི་ལམ་ལུགས་བཙུགས་ཡོད། དེ་དང་ཆབས་ཅིག་ལྷ་ས་མཐོ་གསར་ཁུལ་གྱིས་ད་དུང་ལོ་ལྟར“ཕྱིར་སྐྱོད་པའི”འཚམས་འདྲིའི་བྱེད་སྒོ་སྤེལ་ནས་གླིང་ཁུལ་གྱི་ཁེ་ལས་གཙོ་བོའི་འཕེལ་རྒྱས་འགྲོ་ཚུལ་ཤེས་རྟོགས་གཏིང་ཟབ་བྱེད་ཀྱི་ཡོད།
གྲངས་གཞི་ལས་མངོན་པར་གཞིགས་ན། ལྷ་ས་མཐོ་གསར་ཁུལ་དུ་ད་ཆ་ཁྲོམ་འགྲེམས་ཁེ་ལས་5དང་། རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས་63(ལྗོངས་ཡོངས་ཀྱི་48.46%བཟུང་བ) རང་སྐྱོང་ལྗོངས་རིམ་པའི་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་266བཅས་དང་། དེ་བཞིན་རྒྱལ་ཁབ་རིམ་པའི་ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་2ཡོད་ཅིང་། གཉེར་སྐྱོང་བྱེད་པོ་ཁྱོན་ཁྲི་2.6ལྷག་ཙམ་ཟིན་པ་དག་གིས་ཁེ་ལས་ཁྲི་1.7ཐོ་འགོད་བྱས་ནས་ཁྲོམ་རའི་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་འགྲོ་བཞིན་ཡོད་པ་རེད།
ཁེ་ལས་ཀྱི་སྣ་མང་ཅན་གྱི་དགོས་མཁོ་སྐོང་ཆེད། ལྷ་ས་མཐོ་གསར་ཁུལ་གྱིས་ཁེ་ལས་ཀྱི་དོན་དངོས་གནས་ཚུལ་གཞིར་བཟུང་། ཁེ་ལས་ཀྱི་ཆེད་དོན་ཞབས་ཞུའི་ལམ་སྲོལ་བཙུགས་ཏེ་ཆེད་མིས་སྒྲུབ་རྒྱུར་ལྟ་སྐུལ་དང་བརྒྱུད་རིམ་ཧྲིལ་པོར་ཚབ་སྒྲུབ་ལག་བསྟར་བྱས་ཡོད། དེ་དང་ཆབས་ཅིག་ཁེ་ལས་སུ་བསྐྱོད་དེ་ཞབས་འདེགས་ཧུར་ཐག་ཞུས་ནས་དུས་བཀག་ལྟར་ཁེ་ལས་ལ་གནད་དོན་བསྒྲུབས་ཚུལ་ལན་སྤྲད་པ་དང་འབྲེལ། རྒྱུན་མཐུད་རྗེས་སྙེག་བྱས་ཏེ་དོན་དག་ཚང་མར་ལན་གསལ་པོ་ཡོད་པའི་འགན་ལེན་བྱས་ཡོད། དེ་མིན་ད་དུང་ཚོང་འགུགས་མ་འདྲེན་གྱི་བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུའི་མ་ལག་ལས་སྟེགས་བཙུགས་ནས་ཁེ་ལས་ལ་ཞབས་འདེགས་ཞུ་བ་དང་ཁེ་ལས་ལ་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ། ཐབས་ལམ་མང་པོའི་ཐོག་ནས་ཁེ་ལས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱས་ཡོད།
དམངས་ཕན་དང་ཁེ་ལས་ལ་ཕན་པའི་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་ལག་བསྟར་བྱས་པས། ཁེ་ལས་མང་པོ་ལྷ་ས་མཐོ་གསར་ཁུལ་དུ་གཞིས་ཆགས་པ་དང་རྣམ་གྲངས་རྒྱུན་མ་ཆད་པར་ཐོབ་སྟེ། ཐོན་སྐྱེད་བརྒྱུད་རིམ་འཁོར་རྒྱུག་ཡག་པོ་ཐུབ་ཡོད།
ཚན་རྩལ་ལ་སྣང་ཆེན་གྱིས་ཚོང་གཉེར་ཁོར་ཡུག་སླར་ཡང་ལེགས་སུ་གཏོང་རོགས་བྱས་པ།
སྤུས་ལེགས་ཀྱི་ཚོང་གཉེར་ཁོར་ཡུག་ནི་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད་པའི་འབྱུང་གནས་ཡིན་ཞིང་། ལྷ་ས་མཐོ་གསར་ཁུལ་གྱིས་གསར་གཏོད་སྐུལ་སྤེལ་བྱེད་པ་དེ་ཐོག་མཐའ་བར་གསུམ་དུ་གླིང་ཁུལ་འཕེལ་རྒྱས་ཀྱི་ལྟེ་བའི་གནས་བབ་ཏུ་བཞག་སྟེ་སྲིད་ཇུས་ལ་བརྟེན་ནས་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པ་དང་། ཞབས་ཞུར་བརྟེན་ནས་ཁེ་ལས་ལ་སྟབས་བདེ་སྐྲུན་པ། ཡིད་རྟོན་ལ་བརྟེན་ནས་ཁེ་ལས་ཀྱི་ཡིད་དབང་འགུག་པ། ཚོང་གཉེར་ཁོར་ཡུག་ལེགས་སུ་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཐོན་སྐྱེད་ནུས་ཤུགས་གསར་པར་རྨང་གཞི་བརྟན་པོ་བཏིང་བ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
ལྷ་ས་མཐོ་གསར་ཁུལ་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། ལྷ་ས་མཐོ་གསར་ཁུལ་དུ་ཀྲུང་གོ་སྒུལ་བདེ་དང་ཝང་ཀྲི་ཐན་ཡོན་སོགས་གྲངས་འཛིན་དཔལ་འབྱོར་གྱི་སྣེ་འདྲེན་ཁེ་ལས་ཁག་གཅིག་ནང་འདྲེན་བྱས་པ་དང་འབྲེལ། རྒྱལ་ཡོངས་ཀྱི་ཚན་རྩལ་ཐོན་ཁུངས་འདེགས་སྐྱོར་རྣམ་པའི་ཁྱད་ལྡན་གཞི་རྟེན་གསར་སྤེལ་ཁུལ་ཁག་དང་པོར་གྱུར་ཡོད། དེ་དང་ཆབས་ཅིག་ད་དུང་བོད་ཀྱི་གསར་སྤེལ་ཁུལ་ཚན་རིག་ལག་རྩལ་མཐུན་ཚོགས་དང་པོ་བཙུགས་པ་དང་བོད་ཀྱི་ལག་རྩལ་བདག་དབང་ཉོ་ཚོང་ཁྲོམ་ར་འབའ་ཞིག་བཙུགས་པ་སོགས་གཡུར་དུ་ཟ་བའི་གྲུབ་འབྲས་ལས་ལྷ་ས་མཐོ་གསར་ཁུལ་གྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་མངོན་ཡོད་ཅེས་ངོ་སྤྲོད་བྱས།