དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ལ་བོད་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-21

    ཟླ་12ཚེས་17དང་ཚེས་18ཉིན། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཀྱི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུ་དེར་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་ངར་ཤུགས་ཆེར་སྐྱེད་ཀྱིས་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ལས་དོན་ནང་ཞུགས་ནས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་གྱི་ལས་འགན་ལྕི་པོ་ཕྲག་ཏུ་ཏན་ཏིག་འཁུར་བ་དང་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་སྟེ། རང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད། སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    ད་ལོ་རང་ལྗོངས་ཀྱི་འབྲུ་རིགས་ཐོན་འབབ་ཏུན་ཁྲི་110ཡི་སྐས་རིམ་གསར་པར་ཐོག་མར་སླེབས་པ་དང་། དེའི་ནང་ནས་ཀྱིས་ཏུན་ཁྲི་85ལས་ཐོག་མར་བརྒལ་ཡོད། འབྲུ་རིགས་དང་ནས་ཀྱི་ཐོན་འབབ་གཉིས་ཀ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ་རྒྱ་ཁྱོན་དང་། ཐོན་འབོར། མུའུ་རེའི་ཐོན་འབབ་བཅས“གསུམ་འཕར”གྱི་འཕེལ་ཕྱོགས་བཟང་པོ་མངོན་ཡོད། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང་2025ལོའི‘ཞིང་གསུམ’ལས་དོན་ཡག་པོ་སྒྲུབ་པར་བླང་བྱ་ཁ་གསལ་བཏོན་ནས‘ཞིང་གསུམ’ལས་དོན་ལ་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བ་དེ་འཐབ་ཇུས་ཐོག་ནས་བཀོད་ཇུས་དང་འགག་རྩའི་སར་དོན་འཁྱོལ་ཐུབ་པར་བྱས་པས་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན། དམིགས་སའི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད” རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ཕུའུ་ཀྲེང་ཞུའེ་ཡིས། ང་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས“ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་བེད་སྤྱོད་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་དམིགས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་ལས་འགན་ལྕི་པོ་མཐའ་གཅིག་ཏུ་འཁུར་བ་དང་། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། དམ་པ་དོན་གཉེར་དང་སྙིང་རུས་གཏན་འཁྱོངས་བྱེད་པ། གྲོང་གསེབ་སྒྱུར་བཅོས་ཀྱི་ལས་འགན་སྔར་བས་དོན་འཁྱོལ་བྱེད་པ། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་དེང་རབས་ཅན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    གཞིས་རྩེ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཡན་ཀྲེང་པའོ་ཡིས། “གཞིས་རྩེ་ནི་བོད་ཀྱི་ཞིང་ལས་གྲོང་ཁྱེར་ཆེ་གྲས་ཡིན་པས། ང་ཚོས་རྨོ་ཞིང་གི་དམར་ཐིག་མཐའ་གཅིག་ཏུ་བརྟན་པོ་བསྲུངས་ཏེ་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་ཤུགས་སྣོན་དང་རྨོ་ཞིང་གི་སྤུས་ཚད་ལེགས་སུ་དང་ཆུ་འདྲེན་འགན་ལེན་གྱི་ཆུ་ཚད་མཐོ་རུ་བཏང་ནས་འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས། གཞིས་རྩེའི་ཁྱད་ལྡན་ཞིང་ལས་ཐོན་ཁུངས་ལ་གཞི་ཚུགས་ཏེ། ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་གཏོད་པ་དང་། ཐོན་ལས་ཁོར་འབྲེལ་སྣུར་སྲིང་བྱེད་པ། ཞིང་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ། ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གཞིས་རྩེའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་ཟུང་འབྲེལ་བྱས་ཏེ་གྲོང་གསེབ་ཀྱི་ཡུལ་སྐོར་དང་སྤྲོ་གསེང་ཞིང་ལས་སོགས་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་གསར་སྤེལ་བཏང་ནས་ཞིང་པར་འབབ་འཕར་ཡོང་ཆེད་ཐབས་ལམ་དེ་བས་མང་བ་གཏོད་དགོས”ཞེས་བཤད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་དང་། གྲོང་གསེབ་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ། ཞིང་པ་རྒྱས་སྐྱོང་ཕྱུག་གསུམ་ལ་རྒྱབ་སྐྱོར་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད། རང་སྐྱོང་ལྗོངས་མཁོ་སྒྲུབ་མཉམ་ལས་ཁང་གི་ཀྲུའུ་རེན་གཞོན་པ་སུང་ལི་ཡིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་མཁོ་སྒྲུབ་མཉམ་ལས་སྤྱི་ཁྱབ་ཁང་བཙུགས་ནས་ལོ་70འཁོར་བའི་སྐབས་སུ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ལྗོངས་ཡོངས་ཀྱི་མཁོ་སྒྲུབ་མཉམ་ལས་ཁང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་རྒྱང་ལམ་གསར་པའི་འགོ་འཛུགས་སར་བྱེད་པ་དང་། ཏང་དང་སྲིད་གཞུང་གིས་ཞིང་འབྲོག་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་སྦྲེལ་ཟམ་ཡག་པོ་བྱེད་པ། ལྗོངས་ཡོངས་ཀྱི་མཁོ་སྒྲུབ་མཉམ་ལས་ཁང་གི་བྱ་གཞག་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། མཁོ་སྒྲུབ་མཉམ་ལས་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ཞིང་འབྲེལ་དང་། ཞིང་ཁྲིད། ཞིང་ཕྱུག་བཅས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གཉེར་སྐྱོང་ཞབས་ཞུའི་དྲ་བ་རྒྱ་ཆེར་གཏོང་བ། འཛད་སྤྱོད་རོགས་སྐྱོར་ལམ་སྲོལ་ལེགས་སུ་གཏོང་བ་བཅས་བྱས་ཏེ “ཞིང་གསུམ”ལས་དོན་ལ་ཞབས་འདེགས་ཞུ་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རིང་འགན་སེམས་ཆེན་པོ་སྔར་བས་མངོན་པ་དང་བྱས་རྗེས་ཆེན་པོ་སྔར་བས་འཇོག་གང་ཐུབ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་གྲོང་གསེབ་ཀྱི་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། རེས་སྐོར་གཉིས་པའི་ས་ཆ་འགན་གཙང་གི་དུས་ཚོད་ཐིམ་རྗེས། སླར་ཡང་ལོ་སུམ་ཅུ་རིང་དུ་གཏོང་བའི་ཚོད་ལྟའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། བེད་མེད་དུ་བསྐྱུར་བའི་ཞིང་པའི་ཁང་པ་བོགས་མར་གཏོང་བ་དང་། མ་རྐང་ནང་ཞུགས་པ། མཉམ་ལས་སོགས་ཀྱི་བྱེད་ཐབས་བརྒྱུད་བེད་སྤྱོད་ནུས་ལྡན་ཡོང་བའི་བྱེད་སྟངས་འཚོལ་ཞིབ་བྱེད་པ། གྲོང་གསེབ་དར་རྒྱས་ཀྱི་མ་དངུལ་འདུ་གཏོང་ལམ་སྲོལ་གསར་གཏོད་བཅས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་འཕེལ་བར་བྱེད་དགོས་པའི་ནན་བཤད་བྱས་ཡོད། ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་སྲིད་ཁྲིམས་སྒྱུར་བཅོས་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཀྲང་ཀྲི་ཡིས། ང་ཚོས་ཚོགས་འདུའི་དགོངས་དོན་རྒྱུན་མཐུད་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་ཐུབ་པར་བྱས་ནས་གྲོང་གསེབ་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཁ་ཕྱོགས་ཁོང་དུ་ཡང་དག་ཆུད་པ་དང་། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་བ། ས་ཞིང་ལམ་ལུགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཞིང་པ་རྒྱས་སྐྱོང་ཕྱུག་གསུམ་གྱི་རྒྱབ་སྐྱོར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ལས་འགན་གཙོ་བོར་དམ་པོར་དམིགས་པ། ཆེད་ལས་མཉམ་ལས་ཁང་དང་། ཁྱིམ་ཚང་གི་ཞིང་འབྲོག་ར། སྣེ་འདྲེན་ཁེ་ལས་བཅས་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་གཏོང་བའི་ལྕག་སྐུལ་སྲིད་ཇུས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཞིང་འབྲོག་དུད་ཚང་གི་འབབ་འཕར་ལ་སྐུལ་ཁྲིད་བྱ་རྒྱུ་དང་འབྲེལ་མཐུད་བྱེད་པ། ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་བདག་དབང་བརྒྱུད་བཤུག་གི་ཉོ་ཚོང་ཚད་ལྡན་ཅན་གྲོང་ཁྱེར་ཧྲིལ་པོར་ཚོད་ལྟ་དང་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟ་སོགས་ཀྱི་ལས་དོན་ཏན་ཏིག་སྤེལ་བ་བཅས་བྱས་ཏེ་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་ཞིང་འབྲོག་པའི་འབབ་འཕར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།