འབད་འབུངས་ཆེར་སྐྱེད་ཀྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བའི་རྣམ་པ་གསར་པ་གཏོད་དགོས།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་ཡོང་བར་ངེས་པར་དུ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པར་བཀོད་སྒྲིག་གལ་ཆེན་དང་བླང་བྱ་ཁ་གསལ་བཏོན་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་གོམ་སྟབས་མགྱོགས་སུ་གཏོང་བར་བསམ་བློ་དང་བྱ་སྤྱོད་ཀྱི་ཐོག་ནས་མཛུབ་ཁྲིད་གནང་ཡོད།
ཟླ་12ཚེས་17དང་18ཉིན་པེ་ཅིང་དུ་འཚོགས་པའི་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། མིག་སྔའི“ཞིང་གསུམ”ལས་དོན་ལ་འཕྲད་པའི་དུས་བབ་དང་འགྲན་སློང་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་2025ལོའི“ཞིང་གསུམ”ལས་དོན་ལ་བཀོད་སྒྲིག་ཞིབ་ཕྲ་བྱས་པ་རེད།
ད་ལོ་ཚུན་དུ། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཇེ་ཆེར་སོང་བ་དང་ནང་ཁུལ་གྱི་དཀའ་ངལ་མང་དུ་སོང་བས་དུས་བབ་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད། ཏང་ཀྲུང་དབྱང་གིས་མི་དམངས་དུང་ཕྱུར་མང་པོར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བབ་བརླིང་སྟབས་བསྟུན་དང་དཀའ་སྤྱད་མདུན་སྐྱོད་ཀྱིས“ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དེ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱས་པས། “ཞིང་གསུམ”ལས་དོན་ལ་ཐོབ་དཀའ་བ་དང་མི་རྣམས་ངར་སེམས་འཕེལ་བའི་གྲུབ་འབྲས་ཐོབ་སྟེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་རྨང་གཞིའི་འདེགས་སྐྱོར་བྱས་ཡོད།
འབྲུ་རིགས་ཐོན་སྐྱེད་ཐད་ནས་བལྟས་ཚེ་ད་ལོ་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་འབོར་ཁྱོན་བསྡོམས་རྒྱ་མ་དུང་ཕྱུར་14130ཟིན་པ་དེ་ལོ་གོང་མ་ལས་རྒྱ་མ་དུང་ཕྱུར་222འཕར་ནས་ལོ་རྒྱུས་ཐོག་རྒྱ་མ་དུང་ཕྱུར་ཁྲི་1.4ཡི་སྐས་རིམ་ལ་ཐོག་མར་སླེབས་ཡོད། ཞིང་པའི་ཡོང་འབབ་ཐད་ནས་བལྟས་ཚེ་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་16740ཟིན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཀྱི་ཧེ་བག་བལྟོས་བཅས་མུ་མཐུད་ཆུང་དུ་ཕྱིན་ཏེ་རྒྱ་ཆེའི་ཞིང་པའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་ཕྱིན་ཡོད། གྲོང་གསེབ་འཛུགས་སྐྲུན་ཐད་ནས་བལྟས་ཚེ། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཡག་པོ་ཕྱིན་པ་དང་། གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་འཕེལ་རྒྱས་ཡག་པོ་བྱུང་སྟེ་གྲོང་གསེབ་འདི་ཉིད་བདེ་སྡོད་ལས་བརྩོན་གྱི་ཁྱིམ་གཞིས་ལ་གྱུར་ཡོད།
ལོ་གཅིག་རིང་གི་འཕེལ་རྒྱས་བརྒྱུད་རིམ་ནི་སྤྱིར་བཏང་གཏན་ནས་མིན་ཞིང་།“ཞིང་གསུམ”ལས་དོན་གྱིས་དམངས་སེམས་བདེ་འཁོད་དང་སྤྱི་ཡོངས་བརྟན་ལྷིང་གི“གྲུ་རྡོ”ལྟ་བུའི་ནུས་པ་བཏོན་ཡོད། གྲོང་གསེབ་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བའི་འགག་རྩ་ཏང་ལ་ཐུག་པ་དང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཡིན་པ་དང་། “ཞིང་གསུམ”ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་མཛད་ཕྱོགས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཞིང་ལས་ལ་མཐོང་ཆེན་དང་ཞིང་ལས་སྟོབས་ཆེར་གཏོང་བའི་རྩ་བར་ནམ་ཡང་ལྷོད་གཡེང་གཏོང་མི་རུང་བ་ལག་ལེན་ནས་ར་འཕྲོད་གང་ལེགས་ཐུབ་ཡོད།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་སྔར་བཞིན་གྲོང་གསེབ་ཏུ་གནས་ཡོད། སང་ལོ་ནི“ལོ་ལྔ་ཚན་བཅུ་བཞིའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་ཡིན་ཞིང་། སང་ལོའི“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། དེང་སྐབས་ཕྱི་རོལ་ཁོར་ཡུག་འགྱུར་ལྡོག་ཕྱིན་པ་ལས་ཐོན་པའི་ཤུགས་རྐྱེན་ངན་པ་ཇེ་ཟབ་ཏུ་ཕྱིན་པས་རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་ལ་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད། དཔལ་འབྱོར་གྱི་དུས་བབ་ཇི་ཙམ་རྙོག་འཛིང་ཆེ་ན“ཞིང་གསུམ”ལ་དེ་ཙམ་གྱིས་བརྟན་པོ་ཡོང་བ་བྱེད་དགོས།
འབྲུ་རིགས་དང་པད་ཁའི་སྐྱེ་དངོས་ཀྱི་འདེབས་ཁྱོན་ཆེ་བའི་མུའུ་རེའི་ཐོན་འབབ་མཐོར་གཏོང་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་ནས། ཞིང་ལས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པ་ཆེར་གཏོང་ལ་ཤུགས་སྣོན་རྒྱག་པ་དང་། དེ་ནས་རྨོ་ཞིང་སྲུང་སྐྱོང་དང་སྤུས་ཚད་མཐོར་གཏོང་ལ་ཤུགས་སྣོན་རྒྱག་པ་དང་ཞིང་ལས་ཚན་རྩལ་སྟོབས་ཤུགས་ཀྱི་མཐུན་སྦྱོར་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་བར་བཅས་ཚོགས་འདུའི་ཐོག་སང་ལོའི“ཞིང་གསུམ”ལས་དོན་ལ་བཀོད་སྒྲིག་བྱས་ཤིང་། ཨང་དང་པོར་སླེབས་པ་ནི་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་འགན་ལེན་གྱི་ནུས་པ་མུ་མཐུད་ཆེ་རུ་གཏོང་རྒྱུ་དེ་ཡིན་པ་དང་། དེ་ཐོག་ནས་འབྲུ་རིགས་བདེ་འཇགས་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱེད་པའི་འཐབ་ཇུས་ཀྱི་ངེས་གནས་དང་འགན་འཁྲི་འཁུར་སེམས་མཚོན་ཡོད། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བཅངས་ནས་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་དོན་འཁྱོལ་ནན་པོ་བྱེད་པ་དང་། རྨོ་ཞིང་གི་དམར་ཐིག་ནན་པོ་སྲུང་བ། “ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”དོན་ཐོག་ཏུ་དངོས་སུ་འཁྱོལ་བ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བ། འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་དམ་པོར་འཛིན་པ་བཅས་བྱས་ཏེ་ཀྲུང་གོའི་ལྟོ་ཕོར་དེ་བས་བརྟན་པོར་བཟུང་དགོས།
གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་ནི་བརྒྱུད་རིམ་རང་བཞིན་གྱི་འདུ་འགོད་ཅིག་ཡིན་ཞིང་། ཐོན་ལས་དར་རྒྱས་ནི་གྲོང་གསེབ་ཀྱི་ནང་ངོས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འབྱུང་ཁུངས་ཤིག་ཡིན་ལ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བའི་རྨང་གཞི་དང་འགག་རྩ་ཞིག་དེ་བས་ཀྱང་རེད། ཚོགས་འདུའི་ཐོག་གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་གཏོང་བར་བཀོད་སྒྲིག་བྱས་ནས། གྲོང་གསེབ་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་པ། ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ལ་དམིགས་ཏེ་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད། ལས་ཀའི་གཙོ་གནད་ལ་དམ་འཛིན་དང་ལས་ཀའི་བྱ་ཐབས་གསར་གཏོད་ཀྱིས་ཡུལ་བབ་དང་བསྟུན་ནས་ཞིང་ལས་དེ་ཉིད་དེང་རབས་ཅན་གྱི་ཐོན་ལས་ཆེན་པོ་ཞིག་ཏུ་བསྐྲུན་ཏེ། ཞིང་པ་ཚོས“གསེར་གྱི་ཕྲག་ཤིང”འཁུར་ཐུབ་པར་བྱེད་དགོས། “གྲོང་ཚོ་སྟོང་གིས་དཔེ་སྟོན་དང་གྲོང་ཚོ་ཁྲིར་བཅོས་སྒྲིག”འདུ་འགོད་ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་པ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་རིག་གནས་དར་རྒྱས་གཏོང་བ་སོགས་ལ་ནུས་ཤུགས་ཏན་ཏིག་འདོན་པ་དང་། བྱ་ཐབས་ཏན་ཏིག་འདོན་པ། ཕན་འབྲས་དངོས་ཐོན་པ་བཅས་བྱས་ཏེ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱ་ཐབས་བཟོས་ནས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་ཀྱི་རྣམ་པ་གསར་པ་ཞིག་གཏོད་དགོས།
བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་ཡང་འབད་བསྐྱར་འབད་དང་། འབད་འབུངས་ཡར་བརྩོན། དངོས་འཛིན་དངོས་སྒྲུབ། སྙིང་རུས་གཏན་འཁྱོངས་བཅས་བྱས་ནས། ཞིང་ལས་ཀྱི་རྨང་གཞི་དེ་བས་བརྟན་གཏོང་དང་། གྲོང་གསེབ་ས་ཁུལ་དེ་བས་དར་རྒྱས། ཞིང་པའི་འཚོ་བ་དེ་བས་གྲ་རྒྱས་ཡོང་བར་བཅས་ལ་སྐུལ་འདེད་བཏང་སྟེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བའི་་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།