དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • མི་སེར་ཕྱུག་འགྱུར་གྱི་བདེ་སྐྱིད་ཞིང་ཁམས“སྐལ་བཟང་ཐང”

    ——ཅང་སུའུ་ཡི་ཐོན་ལས་བོད་སྐྱོར་གྱིས་ལྷུན་གྲུབ་རྫོང་གི་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-20

    ལྷུན་གྲུབ་རྫོང་ནི་ལྷ་སའི་འབྲུ་རིགས་ཐོན་ཡུལ་རྫོང་ཆེན་དང་པོ་དང་འབྲོག་ལས་རྫོང་ཆེན་གཉིས་པ་ཡིན་ཞིང་། དུས་ཡུན་རིང་པོའི་ནང་མ་དངུལ་དང་ལག་རྩལ་མི་འདང་བ་སོགས་ཀྱི་རྐྱེན་པས་ཐོན་ལས་ཚོགས་སུ་འགྱུར་མེད་པ་དེས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་ངེས་ཅན་ཐེབས་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་ཅང་སུའུ་ཡི་བོད་སྐྱོར་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག་སྐལ་བཟང་ཐང་དེང་རབས་ཞིང་འབྲོག་ཐོན་ལས་དཔེ་སྟོན་གླིང་ལྷུན་གྲུབ་རྫོང་དུ་དངོས་སུ་གཉེར་འགོ་ཚུགས་ནས། ས་གནས་དེ་གའི་སྲོལ་རྒྱུན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་འགྲོ་བར་སྐུལ་ཁྲིད་ཐུབ་ཡོད།

    སྐལ་བཟང་ཐང་དེང་རབས་ཞིང་འབྲོག་ཐོན་ལས་དཔེ་སྟོན་གླིང་ནི་ཅང་སུའུ་ཞིང་ཆེན་གྱིས་ལྷ་སར་ཁ་གཏད་རོགས་སྐྱོར་བྱེད་པའི་དམངས་འཚོའི་རྣམ་གྲངས་གལ་ཆེན་ཞིག་ཡིན་ལ། ལྷུན་གྲུབ་རྫོང་གི“ལོ་ལྔ་ཚན་བཅུ་གསུམ་པའི”གཙོ་གནད་འཆར་འགོད་རྣམ་གྲངས་ཤིག་ཀྱང་ཡིན། ཐོན་ལས་གླིང་དེ་ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་གསུམ་འཕྲེང་གྲོང་ཚོར་གནས་པ་དང་། ཤར་རྒྱུད་དང་ནུབ་རྒྱུད་དུ་དབྱེ་ཡོད་པ་དང་བསྡོམས་མ་དངུལ་སྒོར་དུང་ཕྱུར་1.5བཏང་ཞིང་། དེ་ནི་བོད་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཕྱོགས་བསྡུས་རང་བཞིན་གྱི་ཞིང་འབྲོག་དཔེ་སྟོན་གླིང་ཐོག་མ་དེ་རེད། “སྐལ་བཟང་ཐང”ཞེས་པ་ནི་བདེ་སྐྱིད་དང་མཛེས་སྡུག་གི་མཚོན་དོན་ཡིན་ཞིང་། ད་ཆ་གླིང་དེ་གྲོང་གསེབ་དར་རྒྱས་གཏོང་བའི་མི་སེར་ཕྱུག་འགྱུར་གྱི་བདེ་སྐྱིད་ཞིང་ཁམས་སུ་གྱུར་ཡོད།

    ཐོན་ལས་བོད་སྐྱོར་ནི་ཅང་སུའུ་ཡི་བོད་སྐྱོར་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་རེད། ལོ་30ཡི་རིང་ཅང་སུའུ་ཡིས་ཐོག་མཐའ་བར་གསུམ་དུ་ཐོན་ལས་རོགས་སྐྲུན་དེ་ཁ་གཏད་རོགས་སྐྱོར་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་མཐའ་འཁྱོངས་བྱས་ཏེ། ཁྲོམ་ར་ཁྲིད་སྟོན་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཞིང་འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་རྒྱུ་དམིགས་ཚད་དུ་བྱས་ནས། བོད་སྐྱོར་རྣམ་གྲངས་ལག་བསྟར་བརྒྱུད། ཞིང་འབྲོག་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ཐོན་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ཡོད། སུའུ་ཀྲོའུ་ཡི་ཞིང་ལས་ལག་རྩལ་དང་ཐོན་ལས་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་བརྟེན་པ་དང་ལྷུན་གྲུབ་རྫོང་གི་ཐོན་ཁུངས་ལེགས་ཆ་དང་ཟུང་འབྲེལ་གྱིས་བཞོན་མ་གསོ་ཚགས་དང་། འབྲི་གཡག་རྒྱགས་གསོའི་ཐོན་ལས་ཅན། སྤུས་ལེགས་འབྲི་གཡག་གསོ་སྤེལ་རྟེན་གཞི། གཟན་རྩྭ་ལས་སྣོན་སོགས་ཀྱི་རྣམ་གྲངས་གཙོ་གནད་ཐོག་ལག་བསྟར་བྱས་ཏེ། ས་གནས་དེ་གའི་ཞིང་ལས་གཞི་ཁྱོན་ཅན་དང་། ཐོན་ལས་ཅན། ཁྱད་ལྡན་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱིས་འཁོར་རྒྱུག་ཡག་ཏུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་དེ་བས་ལེགས་པར་བྱས་ཡོད།

    “ང་ཚོས་ལྷུན་གྲུབ་རྫོང་གི་རང་བྱུང་ཐོན་ཁུངས་ལ་དམ་པོར་དམིགས་པ་དང་ཅང་སུའུ་ཡི་བོད་སྐྱོར་གཞི་རྟེན་དུ་བྱེད་ཀྱི་ཡོད། མིག་སྔར་ལག་ཡོད་འབྲི་གཡག་མགོ་གྲངས་4500ཙམ་ཡོད། ང་ཚོས་ད་ཡོད་ཀྱི་ཐོན་ཁུངས་ལ་བརྟེན་ནས་སྤུས་རྟགས་ཆེན་པོའི་ཚགས་ཤའི་ཐོན་རྫས་ལས་སྣོན་ཚོང་པ་དང་མཉམ་འབྲེལ་ཧུར་ཐག་བྱས་ཏེ། ཚགས་ཤའི་ལག་རྟགས་དང་ཤ་སྐམ་པོ་སོགས་སྟབས་བདེའི་བཟའ་བཅའ་གསར་སྤེལ་བྱས་ནས་ལྷུན་གྲུབ་རྫོང་གི་སྤུས་རྟགས་ཡིན་པའི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་བཏོད་ཡོད། ལྗོངས་ཕྱིའི་རོགས་སྐྱོར་ཁེ་ལས་དང་མཉམ་ལས་བརྒྱུད་ལྗོངས་ཕྱིའི་ཁྲོམ་ར་རགས་ཙམ་བཏོད་ཡོད་ལ། མིག་སྔའི་བར་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་300ལྷག་ཙམ་ཟིན་ཡོད། འདི་ལོ་ས་མཐོའི་སྤུས་ལེགས་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཁྲོམ་ར་ཆེན་པོར་ཁྱབ་གདལ་བཏང་སྟེ། འཁོར་རྒྱུག་ཡག་ཏུ་བཏང་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ལ་རམ་འདེགས་ཐུབ་རྒྱུའི་ཡིད་ཆེས་ཡོད”ཅེས་ལྷུན་གྲུབ་རྫོང་ས་གཙང་ཐོན་ལས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལུའེ་རུའུ་ཧུང་གིས་བཤད།

    སྐལ་བཟང་ཐང་དེང་རབས་ཞིང་འབྲོག་ཐོན་ལས་དཔེ་སྟོན་གླིང་ནི་2017ལོར་ལས་འགོ་བཙུགས་ཤིང་། ལོ་ཁ་ཤས་རིང་འཚོལ་ཞིབ་བྱས་པ་བརྒྱུད་འདི་གར་གཟན་རྩྭ་དང་། འབྲི་གཡག ཤ། འོ་མ་བཅས་གཞི་གཅིག་ཅན་གྱི་ཐོན་ལས་འཁོར་འབྲེལ་བསྐྲུན་ཟིན་ནས“ཀུང་སི་དང་། རྟེན་གཞི། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་རྣམ་པ་ཞིག་ཆགས་ཏེ་ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་ལས་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་ཐུབ་ཡོད། 2023ལོ་ཁོ་ནར་རྒྱགས་གསོ་བྱས་པའི་འབྲི་གཡག་བཤས་གཏོང་ཚད་ཀྱི་མགོ་གྲངས་400ཟིན་ནས་ཡོང་འབབ་སྒོར་ཁྲི་400ཙམ་བྱུང་ཡོད། མིག་སྔའི་བར་རིམ་རྩིས་བྱས་ན་ཉེ་འགྲམ་གྱི་ཞིང་འབྲོག་པ་120ལྷག་ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད།

    བེའུ་གསོ་མཁན་ཚེ་སྒྲོལ་དཀར་གྱིས“ངས་2021ལོ་ནས་བཟུང་འདི་གར་ལས་ཀ་བྱས་པ་ཡིན། གཙོ་བོ་བེའུ་གསོ་ཚགས་བྱེད་ཀྱི་ཡོད། ད་ཆ་ཡོང་འབབ་བརྟན་པོ་ཡོད་པའི་ཁར་ཁྱིམ་དང་ཡང་ཐག་ཉེ་བས་ལས་ཀ་དང་འཚོ་བ་སོགས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བཤད།

    ལྷུན་གྲུབ་འབྲོག་གཙང་ཞིང་འབྲོག་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འགན་འཁུར་བ་བསམ་སྒྲོན་གྱིས“ང་ཚོས་འབྲི་གཡག་ལ་དུས་བཀག་ལྟར་རིམས་འགོག་སྨན་ཁབ་བརྒྱབ་ནས་འགོག་སྲུང་ལས་དོན་ཡག་པོ་བསྒྲུབས་ཏེ། གཞན་བརྟེན་སྲིན་འབུ་འགོ་བར་སྔོན་འགོག་བྱེད་ཀྱི་ཡོད། འདི་ལོ་འབྲི་གཡག་ཐོན་ལས་ཞིབ་འཇུག་གསར་སྤེལ་དང་ཞབས་ཞུའི་ལྟེ་གནས་གཉེར་སྐྱོང་བྱས་ཏེ་འབྲི་གཡག་ཐོན་རྫས་ཀྱི་ཞིབ་ཚགས་ཅན་གྱི་ཐོན་སྐྱེད་དང་། ལས་སྣོན། ཕྱིར་ཚོང་བཅས་ཐད་གཞོལ་གྱི་ཡོད། 2023ལོའི་ལོ་སྨད་དུ་ང་ཚོས་ཅང་སུའུ་བོད་སྐྱོར་བཀོད་འདོམས་པུའི་རོགས་སྐྱོར་བརྒྱུད་ཅང་སུའུ་ཡི་ཁེ་ལས་དང་ཕྱིར་ཚོང་ཐབས་ལམ་བཙུགས་ནས་མིག་སྔར་མཉམ་ལས་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད”ཅེས་བཤད།

    འཕན་པོ་ཞིང་རའི་གཟན་རྩྭ་འདེབས་འཛུགས་རྟེན་གཞིའི་ལོ་ཏོག་དེ་ནོར་ལུག་གི་གྲབས་གསོག་གཟན་རྩྭར་གྱུར་ནས་ནོར་ལུག་དགུན་སྒྲོལ་བྱེད་པར“བཟའ་འབྲུ”འདང་ངེས་མཁོ་འདོན་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་ཡོད། “འཕན་པོ་ཞིང་རའི་གཟན་རྩྭ་འདེབས་འཛུགས་རྟེན་གཞིའི་རྒྱ་ཁྱོན་མུའུ་4800ལྷག་ཙམ་ཟིན་གྱི་ཡོད། འདི་ལོ་མ་རྨོས་ལོ་ཏོག་མུའུ་1000དང་ཡུག་པོ་མུའུ་3800བཏབ་ཡོད”ཅེས་བོད་ལྗོངས་ཚལ་ཏུའུ་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་ཅིང་ལི་ལིའུ་ཝུན་ཁྲའོ་ཡིས་བཤད།

    ཚན་རིག་དང་མཐུན་པའི་གསོ་ཚགས་ནས་གསར་སྤེལ་བེད་སྤྱོད་གང་ལེགས་བྱེད་པའི་བར་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་འཕེལ་རྒྱས་ལས“ས་མཐོའི་གྲུ་གཟིངས”དེ་ཞིང་འབྲོག་པ་ཕྱུག་འགྱུར་ཡོང་བའི་མཆོག་ནོར་དུ་དངོས་འབྲེལ་གྱུར་ཡོད། སྐལ་བཟང་ཐང་དེང་རབས་ཞིང་འབྲོག་ཐོན་ལས་དཔེ་སྟོན་གླིང་གིས་ཐོན་ལས་བོད་སྐྱོར་ལ་བརྟེན་ནས་ཞིང་འབྲོག་ལས་ཕྱོགས་སྒྱུར་འཕེལ་རྒྱས་ལ་རྒྱུན་མཐུད་དང་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། ས་གནས་དེ་གའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ། མང་ཚོགས་ཀྱི་ལས་ཞུགས་དང་འབབ་འཕར་ལ་སྔར་བས་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།