དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ནགས་གསེབ་ཀྱི་ཐོན་ཁུངས་འབབ་འཕར་ཕྱུག་འགྱུར་གྱི་མཆོག་ནོར་དུ་གྱུར་བ།

    —— སྤོ་བོ་རྫོང་གིས་ར་མོ་ཤག་ཆེན་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-20

    འདི་ནི་སྤོ་བོ་རྫོང་གི་ར་མོ་ཤག་ཆེན་སོས་པ་ཡིན་པ།

    དགུན་ཁ་ཤར་བ་དང་སྤོ་བོ་རྫོང་གི་ར་མོ་ཤག་ཆེན་འཐུ་བའི་ནམ་དུས་ཡག་ཤོས་སུ་སླེབས་ཡོད།

    ཁྲབ་རྨོག་གྲོང་རྡལ་སྒང་པ་གྲོང་ཚོའི་འདེབས་འཛུགས་དུད་ཚང་པད་མ་ཆོས་འཕེལ་གྱི་ཁྱིམ་དུ་སྐྱོད་སྐབས། ཁོང་གི་པ་ཕ་པད་མ་བསོད་ནམས་ཀྱིས་གསར་འགོད་པ་ནགས་གསེབ་ཀྱི་ར་མོ་ཤག་ཆེན་འདེབས་འཛུགས་རྟེན་གཞིར་ལྟ་སྐོར་དུ་ཁྲིད།

    ཁ་སྟེང་གི་ས་རློན་པ་བསྔོགས་སྐབས། སྤུས་ཀ་ལེགས་ལ་འཇོང་དབྱིབས་ཀྱི་ར་མོ་ཤག་ཆེན་རེ་རེ་བཞིན་ཕྱིར་མངོན་པས། ཁོང་གིས་དགའ་ཚོར་ཆེན་པོས“ཡག་པོ་འདུག”ཅེས་བརྗོད།

    ཐོན་ལས་དར་ན་གྲོང་གསེབ་དར། ཉེ་བའི་ལོ་ཤས་རིང་། སྤོ་བོ་རྫོང་གིས་ནགས་གསེབ་ཐོན་ཁུངས་ཡག་པོ་དང་ཁོར་ཡུག་གི་ལེགས་ཆར་བརྟེན་ནས་ར་མོ་ཤག་ཆེན་ཐོན་ལས་དེ་ཉིད་ཀ་རྟེན་རང་བཞིན་གྱི་ཐོན་ལས་ལ་བརྩིས་ནས་དམ་འཛིན་བྱས་ཏེ། ཐོན་ལས་ཀྱི་གཞི་ཁྱོན་དང་། སྤུས་རྟགས་གཏོད་པ། སྤུས་ཚད་མཐོར་གཏོང་། ཐོན་རྫས་ལས་སྣོན་ཞིབ་ཚགས་བཅས་ཀྱི་ཐད་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་སྣུར་སྲིང་དང་རྒྱ་ཆེར་བཏང་སྟེ། ནགས་གསེབ་ཐོན་ཁུངས་མང་ཚོགས་ཀྱི“ནགས་གསེབ་མཆོག་ནོར”ལ་ཧུར་ཐག་འགྱུར་བར་བྱས་ཡོད།

    པད་མ་ཆོས་འཕེལ་གྱི་ཁྱིམ་ནི་ར་མོ་ཤག་ཆེན་འདེབས་པ་ལས་ཕན་པ་ཐོབ་མཁན་ཞིག་རེད། 2022ལོར་ཁོང་ཚོས་བོད་ལྗོངས་སྤོ་བོ་ས་མཐོའི་བོད་ཡུལ་ར་མོ་ཤག་ཆེན་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སི་དང་མཉམ་དུ་ར་མོ་ཤག་ཆེན་འདེབས་འགོ་ཚུགས། འདི་ལོ་འདེབས་ཡུལ་1000ནས་བསྔོག་ཆོག་པ་དང་། སྔོན་དཔག་བྱས་ན་ཡོང་འབབ་བསྡོམས་སྒོར་ཁྲི་13ཟིན་རྒྱུ་རེད།

    འདེབས་ཡུལ་50ནས་500བར་དང་དེ་ནས་འདེབས་ཡུལ་1000བར་པད་མ་ཆོས་འཕེལ་ཁྱིམ་གྱི་ཡོང་འབབ་ཀྱང་དེ་སྔའི་སྒོར་སྟོང་ཕྲག་ཁ་ཤས་ནས་ད་ཆའི་སྒོར་ཁྲི་བཅུ་ལྷག་ཙམ་བར་མང་དུ་ཕྱིན་ཡོད།

    “ར་མོ་ཤག་ཆེན་འདེབས་པའི་ཐད་ང་ཚོའི་ཡིད་ཆེས་ཇེ་ཆེར་འགྲོ་བཞིན་ཡོད་ལ། ཕྱི་ལོ་ད་དུང་འདེབས་ཡུལ་1000མང་དུ་གཏོང་གི་ཡིན”ཞེས་པད་མ་བསོད་ནམས་ཀྱིས་འཛུམ་དམུལ་དམུལ་ངང་བརྗོད།

    ར་མོ་ཤག་ཆེན་བཏབ་པ་ནི་གོམ་པ་དང་པོ་ཙམ་ཡིན་ཞིང་། བཙོངས་ཐུབ་ཚེ་གཞི་ནས་ཐོན་ཁུངས་དེ་རྒྱུ་ནོར་ལ་འགྱུར་ཐུབ།

    བོད་ལྗོངས་སྤོ་བོ་ས་མཐོའི་བོད་ཡུལ་ར་མོ་ཤག་ཆེན་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་འདེབས་འཛུགས་རྟེན་གཞིར་བཟོ་པ་ཚོས་མངགས་ཐོ་གསར་པ་ཁག་གཅིག་རྩིས་ལེན་གྱི་ལས་ལ་བྲེལ་བཞིན་ཡོད། ཀུང་སི་དེའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལིའུ་ཐུན་ཆང་གིས“ང་ཚོས་ཟླ་10པའི་ཟླ་དཀྱིལ་ནས་བཟུང་གཅིག་རྗེས་གཉིས་མཐུད་ངང་འཐུ་འགོ་ཚུགས་པ་ཡིན། འདི་ལོའི་ར་མོ་ཤག་ཆེན་གྱི་སྤུས་ཀ་ལེགས་ལ་བྲིན་ཁ་རྒྱུག་པོ་འདུག མིག་སྔར་ར་མོ་ཤག་ཆེན་སོས་པ་རྒྱ་མ་ཁྲི་1ལྷག་ཙམ་བཙོངས་པ་ཡིན”ཞེས་བརྗོད།

    ལིའུ་ཐུན་ཆང་གིས་ད་དུང་གསར་འགོད་པར་བརྗོད་དོན། འདི་ལོ་ཁེ་ལས་ཀྱིས་སྤོ་བོ་རྫོང་ཆུ་མདོ་གྲོང་རྡལ་དང་གཡུ་ཤུལ་ཤང་སོགས་སུ་འདེབས་འཛུགས་དཔེ་སྟོན་ས་ཚིགས་བཙུགས་ནས་འདེབས་འཛུགས་དུད་ཚང་རྣམས་འདེབས་འཛུགས་བྱེད་པོར་བསྒྱུར་བ་བརྒྱུད་མང་ཚོགས་ཀྱི་ཧུར་སེམས་སྔར་བས་ཆེ་རུ་ཕྱིན་ནས་ར་མོ་ཤག་ཆེན་གྱི་སྤུས་ཚད་དང་ཐོན་ཚད་མཐོ་རུ་ཕྱིན་ཡོད།

    ནགས་གསེབ་དཔལ་འབྱོར་ལ་བརྟེན་ནས་ཡོང་འབབ་མང་དུ་ཕྱིན་པ་དང་། ཐོན་ལས་ལ་བརྟེན་ནས་དམངས་རྣམས་ཕྱུག་པོ་ཆགས་ཤིང་། བོད་ལྗོངས་སྤོ་བོ་རྫོང་ས་མཐོའི་བོད་ཁུལ་ར་མོ་ཤག་ཆེན་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སི་ནི་ཉིང་ཁྲི་གྲོང་ཁྱེར་དང་སྤོ་བོ་རྫོང་རིམ་པ་གཉིས་ཀྱི་གཙོ་གནད་ཚོང་འགུགས་མ་འདྲེན་ཁེ་ལས་ཤིག་ཡིན་པའི་ངོས་ནས་2020ལོའི་ཟླ་5པར་ཁྲབ་རྨོག་གྲོང་རྡལ་འདོང་རོ་གྲོང་ཚོར་དངོས་སུ་བཙུགས་པ་དང་། དེ་ནི་སྤོ་བོ་རྫོང་གི་ར་མོ་ཤག་ཆེན་ཐོན་ལས་འཕེལ་རྒྱས་ཀྱི་དཔེ་མཚོན་སྣེ་ཁྲིད་པ་ཞིག་རེད།

    མིག་སྔའི་བར། སྤོ་བོ་རྫོང་གི་ར་མོ་ཤག་ཆེན་འདེབས་ཁྱོན་མུའུ་2000ལྷག་ཙམ་ཟིན་ནས་ཐོན་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། 2024ལོར་སྤོ་བོ་རྫོང་ཡོངས་ཀྱི་ར་མོ་ཤག་ཆེན་ཐོན་ཚད་སྔོན་དཔག་བྱས་ན་རྒྱ་མ་ཁྲི་24ཟིན་ནས་ཐོན་རྫས་རིན་ཐང་སྒོར་ཁྲི་2000ལྷག་ཙམ་ཟིན་རྒྱུ་རེད། ནགས་གསེབ་ཐོན་ཁུངས་ས་གནས་དེ་གའི་མང་ཚོགས་ཕྱུག་འགྱུར་གྱི་མཆོག་ནོར་ལྟ་བུར་གྱུར་བ་དང་། འགྲོ་འོང་འགྲུལ་པས་ཉོ་མང་བའི“སྤོ་བོ་རྫོང་གི་ལག་རྟགས་ཡག་པོར”གྱུར་བ་མ་ཟད། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐོན་ལས་ཡག་པོ་ཞིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།