དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “འདི་ནས་ཁྱིམ་ཚང་གི་དྲོ་སྐྱིད་ཚོར་བྱུང”

    —— བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་བསྐྱོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-12-19

    བོད་ལྗོངས་སྤོ་བོ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་སྐྱོད་སྐབས“ཁང་གསོལ་རྟེན་འབྲེལ”ཞེས་པའི་ཡི་གེ་དམར་པོ་དག་ད་དུང་གསལ་པོར་མཐོང་གི་འདུག རྒན་རྒོན་ཚོ་ལ་ལ་ཤོ་རྒྱག་པ་དང་། ལ་ལ་སྐུད་པ་འཁེལ་བ། འགའ་ཞིག་སོས་དལ་བག་ཕེབས་ངང་ཉི་མ་སྲོ་བ་སོགས་བྱས་ནས་བསྡད་ཡོད་པ་དང་། ལྟ་སྐྱོང་པ་ཚོས་འགྲོ་སྐྱོད་མི་བདེ་བའི་རྒན་རྒོན་ཚོར་གཙང་སྦྲ་དང་ཡང་ན་བདེ་ཐང་སླར་གསོའི་སྦྱོང་བརྡར་བྱེད་བཞིན་འདུག

    རྒན་རྒོན་ལ་མཚོན་ན་ལུས་པོ་བདེ་ཐང་དང་། རྒས་དུས་བརྟེན་ས་ཡོད་པ། རྒས་དུས་སེམས་པ་སྐྱིད་པ་བཅས་ནི་བདེ་སྐྱིད་ཆེ་ཤོས་རེད། ལྟེ་གནས་དེའི་བྱེད་སྒོ་ཁང་དུ་ལོ་70ལ་སླེབས་པའི་བགྲེས་སོང་དཔལ་བཟང་གིས་པིར་སྨྱུག་ལ་བརྟེན་ནས་འཚོ་བར་བཅངས་པའི་དགའ་ཞེན་དང་རེ་སྒུག་མཚོན་པར་བྱེད་བཞིན་ཡོད་པ་དང་། ཁང་པའི་ཕྱོགས་བཞིར་ལྟ་སྐབས་ཅོག་ཙེའི་སྟེང་དང་། གྱང་ལྡེབས། འགྲེམས་སྒྲོམ་ཚང་མར་རྒན་རྒོན་ཚོས་བྲིས་པའི་རི་མོ་དང་། ལག་བསླས་ཨུ་མུ་སུའི་སྟོད་ཐུང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱང་དེབ་སོགས“སྒྱུ་རྩལ་བརྩམས་ཆོས”ཀྱིས་ཁེངས་འདུག

    བོད་ལྗོངས་སྤོ་བོ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་དོ་དམ་པ་བསོད་ནམས་དཔལ་མོས་གསར་འགོད་པར“ཉིན་གཅིག་གི་ལྟོ་ཐེངས་གསུམ་དང་། ཁང་པར་གད་ཕྱིས་རྒྱག་པ། རྒན་རྒོན་གྱི་གཙང་སྦྲར་ལྟ་རྟོག་བྱེད་པ་བཅས་ཕུད། བདག་སྐྱོང་པས་ད་དུང་རྒན་རྒོན་ཚོའི་སེམས་ཁམས་བདེ་ཐང་གནས་ཚུལ་ལ་ཡང་རྟག་ཏུ་དོ་ཁུར་བྱེད་དགོས་ལ་གལ་སྲིད་རྒྱུན་གཏན་མིན་པའི་གནས་ཚུལ་ཐོན་ཚེ་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། འདི་གར་ཡོད་པའི་རྒན་རྒོན་ཚང་མ་ཕན་ཚུན་འཆམ་པོ་ཡོད་པ་དང་ང་ཚོས་རང་ཉིད་ཀྱི་ཕ་མར་བསྙེན་བཀུར་བྱེད་པ་ཇི་བཞིན་ཁོང་ཚོའི་ཚེ་མཇུག་སྐྱིད་པོ་ཡོང་བར་བྱེད་བཞིན་ཡོད”ཅེས་བཤད་པ་རེད།

    ཁྱིམ་ཚང་གི་དོན་ཆུང་ནས་རྫོང་ཡོངས་ཀྱི་དོན་ཆེན་བར་སྤོ་བོ་རྫོང་གིས་ཏང་ཨུད་ཀྱིས་འགོ་ཁྲིད་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ། སྡེ་ཚན་གྱིས་མཐུན་སྦྱོར་བྱེད་པ། སྤྱི་ཚོགས་དེའི་ནང་ཞུགས་པ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རྒན་གསོའི་ཞབས་འདེགས་ཞུ་སྟངས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད། ཉེ་བའི་ལོ་ཤས་རིང་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་3000ལྷག་ཙམ་བཏང་ནས་སྤོ་བོ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་དང་སྤོ་བོ་རྫོང་གི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་དང་སྒྱུར་བཀོད་རིམ་སྤོར་རྣམ་གྲངས་ལག་ལེན་བསྟར་བ་རེད། དེ་དང་ཆབས་ཅིག མ་དངུལ་སྒོར་ཁྲི་348བཏང་ནས་གྲོང་གསེབ་ཀྱི་བདེ་སྐྱིད་ཁང་4འཛུགས་སྐྲུན་རྣམ་གྲངས་ལེགས་སྒྲུབ་བྱས་ཏེ། རྫོང་དེའི་ལོ་60ཡན་གྱི་དཀའ་ངལ་ཡོད་པའི་རྒན་རྒོན་ལ་གཞི་རྩའི་འཚོ་བའི་འགན་ལེན་དང་། བདེ་ཐང་སླར་གསོའི་བདག་སྐྱོང་། རིག་གནས་རོལ་རྩེད། ནད་གཞི་སྨན་བཅོས་སོགས་ཀྱི་ཞབས་འདེགས་ཞུས་པ་རེད།

    རྒན་རྒོན་ཚོའི་འཚོ་བའི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ནས་ཚང་མའི་བསམ་བློ་དང་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། སྤོ་བོ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱིས་ཞབས་འདེགས་ཞུ་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ་རྣམ་པ་སྣ་ཚོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་རོལ་རྩེད་བྱེད་སྒོ་སྤེལ་བ་རེད། རིག་རྩལ་ཚོགས་པ་གདན་དྲངས་ནས་འཁྲབ་སྟོན་བྱེད་པ་དང་མཉམ་སྡེབ་ཐོག་སྐྱེས་སྐར་གཏོང་བ་སོགས་བརྒྱུད་རྒན་རྒོན་ཚོར་དྲོ་སྐྱིད་སྦྱིན་ནས་ཁོང་ཚོའི་ཚེ་མཇུག་གི་འཚོ་བ་དང་བསམ་བློ་གཉིས་ཀ་ཕུན་སུམ་ཚོགས་པར་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།