རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་ཐུབ་བསྟན་ཚེ་རིང་གིས་བརྗོད་དོན།
“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི‘སེ་འབྲུའི་རྡོག་པོ’ཞིག་བྱེད་ཀྱི་ཡིན”
ལོ་41ལ་སླེབས་པའི་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ལྷ་སའི་རྨང་གཞིའི་སྒྲིག་བཀོད་དུམ་བུའི་བདེ་འཇགས་ཁོའོ་ཡི་ཁོའོ་ཀྲང་ཐུབ་བསྟན་ཚེ་རིང་གི་ངོས་ནས་བརྗོད་ན། 2024ལོའི་ཟླ་9ཚེས་27ཉིན་ནི་དམིགས་བསལ་གྱི་ཉིན་མོ་ཞིག་རེད། ཉིན་དེར་ཁོང“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར”ལ་བདམས་པ་དང་པེ་ཅིང་དུ་གཟེངས་བསྟོད་ཀྱང་ལེན་པར་བསྐྱོད་པ་རེད།
“རྒྱལ་སར་གཟེངས་བསྟོད་མཐོ་པོ་འདི་འདྲ་ལེན་པར་བསྐྱོད་རྒྱུ་བྱུང་བས་རང་ཉིད་ལ་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག རྗེས་སུ་ངས‘མཐར་ཟད་ལ་འགྲན་སློང་དང་རྩེར་སོན་གཏོད་པའི’མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས། ཉེ་འགྲམ་གྱི་ལས་རོགས་དང་མཐུན་སྒྲིལ་གྱིས་ལས་ཀ་ཧུར་ཐག་བྱེད་ཀྱི་ཡིན”ཞེས་གཟེངས་བསྟོད་ཐོབ་པའི་སྐོར་གླེང་སྐབས་ཐུབ་བསྟན་ཚེ་རིང་གིས་སྔར་བཞིན་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་བརྗོད།
1983ལོར་ཐུབ་བསྟན་ཚེ་རིང་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་སྙེ་མོ་ཤང་གི་ཞིང་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། སློབ་གྲྭ་འགྲིམ་སྐབས་ཁོང་ནི་སློབ་སྦྱོང་ལ་འབད་བརྩོན་ཆེ་བས། སྦྱངས་འབྲས་ཀྱང་རྒྱུན་དུ་མདུན་གྲལ་དུ་སླེབས་ཀྱི་ཡོད། 2002ལོར་མཐོ་རིམ་སློབ་འབྲིང་ཐོན་རྗེས་ཐུབ་བསྟན་ཚེ་རིང་ལན་ཀྲོའུ་འགྲིམ་འགྲུལ་སློབ་ཆེན་ཨར་ལས་བཟོ་སྐྲུན་ཚན་ཁག་ཏུ་རྒྱུགས་འཕྲོད་ནས་མཚོ་བོད་ལྕགས་ལམ་གྱི་ལས་གནས་གཏན་འཁེལ་གྱི་སློབ་མར་གྱུར། 2006ལོར་སློབ་གྲྭ་ཐོན་རྗེས་གོར་མོའི་ལྕགས་ལམ་ཉམས་བཟོའི་ལས་ཚུགས་སུ་ལས་བགོས་བརྒྱབ། དུས་དེ་ནས་བཟུང་ཁོང་དང་ས་མཐོའི་ལྕགས་ལམ་དབར་གྱི་ལས་དབང་གཅིག་ཏུ་འདྲེས།
2011ལོར་ཁོང་གིས་གོར་མོའི་ལྕགས་ལམ་ཉམས་བཟོའི་ལས་ཚུགས་སྐོར་ཞིབ་འཁོར་ཁང་གི་འགུལ་རྣམ་གཙོ་གཉེར་ཀྲུའུ་རེན་གཞོན་པའི་འགན་ཁུར། སྐོར་ཞིབ་ལས་དོན་ཁྲོད་ཐུབ་བསྟན་ཚེ་རིང་གིས་ལས་ཡུལ་དངོས་ཀྱི་ལས་མི་ཕལ་ཆེ་བ་རྒྱ་སྐད་ཤེས་ཀྱི་མེད་པ་ཤེས་འཕྲལ། ཁོང་གིས་ཟླ་བ་ཁ་ཤས་རིང་མཚན་མོའི་ཁོམ་པ་སྤྱད་དེ《མྱུར་ཚད་དཀྱུས་མའི་ལྕགས་ལམ་ཉམས་བཟོའི་ལས་དོན་གྱི་བདེ་འཇགས་སྒྲིག་སྲོལ》བོད་ཡིག་ཏུ་བསྒྱུར་ནས་གོར་ལྷ་དུམ་བུའི་འཁོར་ཁང་གི་པན་དང་ཚོགས་ཆུང་སོ་སོར་སྤྲད་པས་ཚང་མས་སྒྲིག་སྲོལ་གྱི་བླང་བྱ་གསལ་པོ་ཤེས་པ་མ་ཟད། ད་དུང་མི་ལུས་ཀྱི་བདེ་འཇགས་ལའང་འགན་ལེན་ཐུབ་ཡོད།
2014ལོར་ཐུབ་བསྟན་ཚེ་རིང་ཝང་ཁུན་ལམ་ཐིག་འཁོར་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅིར་བསྐོ་གཞག་བྱས་པ་དང་། གྲོང་ཁྱེར་གྲོང་རྡལ་དང་ཐག་རིང་བའི་དབང་གིས་འཁོར་ཁང་གི་ལས་བཟོའི་ལས་ཞོར་གྱི་འཚོ་བ་ཧ་ཅང་ཡུལ་པོ་ཡོད། ཚང་མའི་ལས་ཞོར་གྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། ཁོང་གིས་ཚང་མར་འཁོར་ཁང་དུ“ཁྱིམ་གྱི་རིག་གནས”བསྐྲུན་རྒྱུའི་སྐུལ་སློང་བྱས་ཏེ་ཁུ་ནུ་རི་བོའི་ཁུལ་དུ་རྡོ་མང་བ་དང་བཟོ་དབྱིབས་ངོ་མཚར་ཆེ་བའི་རང་བྱུང་ཆ་རྐྱེན་བེད་སྤྱོད་བྱས་ཏེ་འཁོར་ཁང་དུ་འབྲོང་དང་གཙོད་སོགས་རྡོ་ཡི་བཟོ་དབྱིབས་བརྩིགས་ཤིང་། དེའི་སྟེང་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཐོག་ནས“སྲུང་སྐྱོང”དང་། “ཀུན་གྱི་བློ་གྲོས་སྟོབས་ཤུགས་གཅིག་ཏུ་འདུས། མི་འགྲུབ་བྱ་བ་གཅིག་ཀྱང་མེད” “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས”ཞེས་པ་སོགས་ཀྱི་ཡིག་འབྲུ་བྲིས་ཏེ“ཁུ་ནུར་རྒྱུན་སྡོད་བྱས་ནས་དཀའ་ངལ་ཁྱད་དུ་བསད། སྙིང་རུས་ཆེན་པོས་ཤར་བགྲོད་འགན་ལེན་བྱེད”ཅེས་པའི་འཁོར་ཁང་གི་སྙིང་སྟོབས་ཞུན་བརྡར་བྱས་ཡོད། འཁོར་ཁང་ནང་བོད་རིགས་དང་། རྒྱ་རིགས། ཧུད་རིགས། སོག་རིགས་སོགས་མི་རིགས་ཁག་གི་ལས་བཟོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འཆམ་མཐུན་མཉམ་གནས་བྱས་པ་རེད། ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པའི་དབང་གིས་2020ལོར་ཐུབ་བསྟན་ཚེ་རིང་བཙུགས་མ་ཐག་པའི་ཐོག་ཐོན་གཙང་པོའི་ཟམ་ཕུག་འཁོར་ཁང་དུ་བཏང་ནས་འཁོར་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར་དུ་བཅུག འཁོར་ཁང་དེར་ལྗོངས་ཕྱིའི་ཞིང་ཆེན་དང་གྲོང་ཁྱེར་མི་འདྲ་བ་ནས་ཡོང་བའི་ལས་བཟོ་གསར་པ་20ལྷག་ཙམ་ཡོད་པས་ལ་དུག་ནི་ཁོང་ཚོར་འཕྲད་པའི་གནད་དོན་དང་པོ་དེ་རེད། གསོ་རླུང་རྔུབ་ཆས་བཀོད་སྒྲིག་མཐུན་སྦྱོར་བྱེད་པ་དང་དུས་མཚུངས། ཐུབ་བསྟན་ཚེ་རིང་གིས་ཐོག་ཐོན་གཙང་པོ་གྲོང་རྡལ་གྱི་འཕྲོད་བསྟེན་སུའོ་དང་འབྲེལ་བ་དམ་ཟབ་ཀྱི་ལམ་སྲོལ་ཧུར་ཐག་བཙུགས་ནས་འཁོར་ཁང་གི་ལས་བཟོར་གཟུགས་པོ་མི་བདེ་བའི་གནས་ཚུལ་ཐོན་སྐབས་དུས་ཐོག་ཏུ་སྨན་བཅོས་རོགས་སྐྱོབ་འགན་ལེན་བྱས་པ་རེད། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་པའི་སྔ་ནུབ་ཏུ་ཐུབ་བསྟན་ཚེ་རིང་ལྷ་སའི་རྨང་གཞིའི་སྒྲིག་བཀོད་དུམ་བུར་བཏང་བ་རེད། སྣང་རྫོང་ཕྱོགས་བསྡུས་ཉམས་བཟོའི་འཁོར་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་རིང་ཁོང་གིས་ཟླ་བ་གསུམ་བསྟུད་མར་འཐབ་ས་དང་པོར་བསྐྱོད་དེ་ཨར་ལས་ཀྱི་འཕྲོ་ལུས་གནད་དོན་ཐག་གཅོད་བྱས་ནས་ལྷ་ཉིང་ལྕགས་ལམ་བདེ་བླག་ངང་ཤར་གཏོང་ཐུབ་ཆེད་ཉིན་མཚན་བསྟུད་མར་འབད་འཐབ་བྱས་པ་དང་། ལྷ་སའི་ཕྱོགས་བསྡུས་ལྟ་འདོམས་འཁོར་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་བྱེད་རིང་ཁོང་གིས་ལས་བྱེད་ལས་བཟོ་ཚོའི་སྣེ་ཁྲིད་དེ། ཆེད་ལས་ཀྱི་རྩལ་ནུས་སྦྱོང་བརྡར་ར་བ་བསྐྲུན་ནས་ལམ་དུམ་བདེ་འཇགས་ཀྱི་རིག་གནས་འཛུགས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་དང་། ལས་བྱེད་ལས་བཟོའི་གོང་བུ་སྒྲིལ་ཤུགས་དང་འཐབ་ནུས་ཆེ་རུ་བཏང་ཡོད། 2022ལོ་ནས་ད་བར་ལྷ་སའི་རྨང་གཞིའི་སྒྲིག་བཀོད་དུམ་བུའི་བདེ་འཇགས་ཁོའོ་ཡི་ཁོའོ་ཀྲང་བྱེད་རིང་ཁོང་གིས་རང་ཉིད་ཀྱི་སྐད་ཡིག་གི་ལེགས་ཆ་གང་ལེགས་བཏོན་ཏེ་ལྕགས་ལམ་ལམ་རྒྱུད་ཀྱི་གྲོང་ཚོ་དང་། སྡེ་ཁུལ། སློབ་གྲྭ་བཅས་སུ“གཤམ་སྤེལ་ལྔའི”དྲིལ་བསྒྲགས་སློབ་གསོ་ཧུར་ཐག་སྤེལ་བ་དང་། ལམ་རྒྱུད་ཀྱི་མང་ཚོགས་ལ་ལྕགས་ལམ་སྒྲིག་ཆས་དང་སྒྲིག་བཀོད་བདེ་འཇགས་སྲུང་བའི་གལ་ཆེའི་རང་བཞིན་འགྲེལ་བཤད་བརྒྱབ་པ་རེད།
“ངོ་མཚར་ཆེ་བའི‘མཁའ་ལམ’ནི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བདེ་སྐྱིད་ཀྱི་ལམ་བུ་ཞིག་རེད་ལ་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་དང་མཐུན་སྒྲིལ་འབད་འཐབ་ལ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་དེ་བས་རེད། ལྕགས་ལམ་ཉམས་བཟོ་བ་ཞིག་གི་ངོས་ནས་ཕ་ཡུལ་གྱི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་ཕུལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི‘སེའུ་འབྲུའི་རྡོག་པོ’ཞིག་ཏུ་གྱུར་པར་སྤོབས་པ་ཧ་ཅང་ཆེན་པོ་སྐྱེ་གི་འདུག”ཅེས་ཐུབ་བསྟན་ཚེ་རིང་གིས་བརྗོད།