དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཕ་ཡུལ་དུ་ལོག་ནས་འབྲི་གཡག་གསོ་བའི་བོད་རིགས་བུ་མོ་ལྷ་མཚོ།

  • ཡོང་ཁུངས།  བདེ་ཆེན་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2024-12-18

    དགུན་འགོའི་སེམས་ཀྱི་ཉི་ཟླའི་ཞོགས་པར་གྲང་ངར་མངོན་གསལ་དོད་པོ་ཚོར་འགོ་ཚུགས་ཡོད་མོད། འོན་ཀྱང“ཁྱེད་ཚོའི་གསོ་སྤེལ་ཀུང་སི་ནས་བཤས་བཏང་བའི་འབྲི་གཡག་གི་ཤ་ཧ་ཅང་ཡག་པོ་ཡོད་པས་སླར་ཡང་ང་ལ་མགོ་གྲངས་6བཞག་རོགས།  ཟླ་རྗེས་མའི་ཚེས་25ཉིན་ང་ཉོ་བར་ཡོང་རྒྱུ་ཡིན”ཞེས་པའི་སྐད་འཕྲིན་ཞིག་གིས་གཟན་རྩྭ་དཀྲུག་བཞིན་པའི་ལྷ་མཚོ་ལ་འབྲི་གཡག་མངག་ཉོ་བྱེད་པའི་ཆ་འཕྲིན་འབྱོར་ནས་ཁོ་མོར་དགུན་ཁའི་གྲང་ངར་བརྗེད་དུ་བཅུག

    ཕ་ཡུལ་དུ་ལོག་ནས་འབྲི་གཡག་གསོ།

    ལྷ་མཚོ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀྱ་ཀྱེ་རྫོང་གསོ་སྤེལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཡིན། ཀུང་སི་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་25ཡོད་པའི་ཡང་ཐང་གྲོང་རྡལ་ཞི་བདེ་གྲོང་ཚོའི་ཡང་ཐང་གྲོང་མིའི་ཚོ་ཆུང་དུ་གནས་ཡོད། དེ་གར་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་མཐོ་ཙམ་ཡོད་པ་དང་ལོ་ཧྲིལ་པོའི་དྲོད་ཚད་དམའ་ཙམ་ཡོད་པས་དེའི་ཐུན་མོང་མ་ཡིན་པའི་ས་ཁམས་ཁོར་ཡུག་དང་གནམ་གཤིས་ཀྱི་ཆ་རྐྱེན་དེ་འབྲི་གཡག་སྐྱེ་འཚར་བྱ་རྒྱུར་ཧ་ཅང་འཚམ་པོ་ཡོད།

    2022ལོའི་ཟླ་6པར་ལྷ་མཚོས་རང་ཉིད་ཀྱིས་གྲོང་ཁྱེར་ནང་གླ་པར་ཕྱིན་ནས་གསོག་པའི་དངུལ་ཚང་མ་འཁྱེར་ནས་ཕ་ཡུལ་དུ་ལོག་སྟེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀྱ་ཀྱེ་རྫོང་གསོ་སྤེལ་ཚད་ཡོད་ཀུང་སི་བཙུགས་པ།  ཕ་ཡུལ་དང་ཁ་བྲལ་ནས་ཡུལ་གཞན་དུ་གླ་པར་འགྲོ་བའི་ལོ་དེ་དག་ནང་ང་མགྲོན་ཁང་དུ་གླ་པ་རྒྱུག་མྱོང་བ་དང་སེམས་ཀྱི་ཉི་ཟླའི་རྫོང་མཁར་དུ་གྱོན་ཆས་ཚོང་ཁང་དང་ཟ་ཁང་ཡང་བཙུགས་མྱོང་བས་དངུལ་ཉུང་ཉུང་ཞིག་གསོག་ཡོད་ཀྱང་ཕ་མ་ལོ་ན་ཆེ་བ་དང་བསྟུན་ནས་ལྟ་རྟོག་བྱེད་དགོས་པས་ཡུལ་གཞན་དུ་གླ་པར་འགྲོ་བར་ང་བློ་བདེ་པོ་མི་འདུག  ཕ་ཡུལ་གྱི་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་མེས་པོའི་འཚོ་བའི་གོམས་གཤིས་ལ་གཞི་ཚུགས་ནས་ཕ་ཡུལ་དུ་ལོག་ནས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བཟང་པོར་བརྟེན་ནས།  2022ལོར་ང་ཕ་ཡུལ་དུ་ལོག་རྒྱུ་དང་ཕ་མས་མཐོང་ཐུབ་སར་ལོག་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀྱ་ཀྱེ་རྫོང་གསོ་སྤེལ་ཚད་ཡོད་ཀུང་སི་བཙུགས་ཏེ།  འབྲི་གཡག་རྒྱགས་གསོ། འབྲི་གཡག་རྒྱུད་པ་ལེགས་བཅོས་དང་སྔོ་གསོག་གཟན་ཆག་འདེབས་འཛུགས་བྱ་རྒྱུའི་ཐག་བཅད་པ་ཡིན་ཞེས་ལྷ་མཚོས་བཤད།

    གསོ་སྤེལ་ཀུང་སི་མ་འཛུགས་གོང་ལྷ་མཚོས་རང་ཉིད་ཀྱི་ཆུང་དུས་འབྲོག་རར་ཕྱུགས་འཚོ་བའི་མྱོང་བ་དང་ཕ་རབས་ལ་འབྲི་གཡག་གསོ་ཚགས་ཀྱི་ཉམས་མྱོང་སློབ་སྦྱོང་བྱས་པ་དང་། ཉེ་འགྲམ་གྱི་ཤང་གྲོང་།ཏ་ལི་དང་ས་དམ། མཚོ་སྔོན། ཀན་སུའུ་བཅས་ཀྱི་ཆེད་ལས་གསོ་སྤེལ་ར་བར་དེང་རབས་ཅན་གྱི་གསོ་སྤེལ་ལག་རྩལ་སློབ་སྦྱོང་བྱས་ནས་གྲ་སྒྲིག་ལས་དོན་འདང་ངེས་བསྒྲུབས་ཏེ། ས་གནས་དེ་གའི་འབྲི་གཡག་གསོ་སྤེལ་ལག་བསྟར་ཆོག་པའི་ཇུས་གཞི་ཆ་ཚང་ཞིག་བཟོས་པ་རེད།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀྱ་ཀྱེ་རྫོང་གསོ་སྤེལ་ཚད་ཡོད་ཀུང་སིར་འཚོ་བསྐྱེལ་ཁུལ་དང་། ཐོན་སྐྱེད་ཁུལ། སྦགས་བཙོག་ཁུལ་བཅས་དབྱེ་ཡོད། དེའི་ནང་འཚོ་བསྐྱེལ་ཁུལ་ནི་ལས་བྱེད་མི་སྣ་སྡོད་ས་དང་ངལ་གསོ་རྒྱག་ས་ཞིག་ཡིན་པ་དེའི་ནང་ཉལ་ཁང་དང་། ཟ་ཁང་། གཞུང་ལས་ཁང་སོགས་ཡོད།  ཐོན་སྐྱེད་ཁུལ་དུ་འབྲི་གཡག་གསོ་ཚགས་ཁུལ་དང་གཟན་ཆག་གསོག་ཉར་ཁུལ་སོགས་ཚུད་ཡོད་པ་རེད། ལས་བྱེད་མི་སྣ་ཐོན་སྐྱེད་ཁུལ་དུ་ལས་ཀ་བྱེད་པར་སྐྱོད་སྐབས་རིག་ནུས་མི་སྣའི་སྨུག་འགྱུར་དུག་སེལ་འཕྲུལ་ཆས་ཀྱི་དུག་སེལ་ཁང་བརྒྱུད་འཚོ་བསྐྱེལ་ཁུལ་གྱི་གཙང་སྦྲ་དང་འཕྲོད་བསྟེན་འགན་ལེན་བྱས་ཏེ།  འབྲི་གཡག་དང་ཐད་ཀར་འབྲེལ་བ་མི་ཡོང་བ་བྱས་ནས་ནད་ཡམས་མཆེད་པའི་ཉེན་ཁ་ཆུང་དུ་གཏོང་ཡོད།  སྦགས་བཙོག་ཁུལ་དུ་སྐྱག་གཅིན་གཙང་སེལ་ཁུལ་དང་ནད་ཕོག་ནས་ཤི་བའི་འབྲི་གཡག་གཙང་སེལ་ཁུལ་སོགས་ཚུད་ཡོད། འཆར་འགོད་ལུགས་མཐུན་དང་དོ་དམ་ནུས་ལྡན་བྱས་པ་བརྒྱུད་ཕན་འབྲས་ཆེ་བ་དང་། བདེ་ཐང་། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་གསོ་སྤེལ་དམིགས་ཚད་མངོན་འགྱུར་བྱུང་བ་དང་། མིག་སྔར་གསོ་སྤེལ་ཀུང་སིར་ཐེངས་གཅིག་ལ་འབྲི་གཡག་མགོ་གྲངས་260་གསོ་སྤེལ་བྱས་ཆོག

    ཐུན་མོང་ཐོག་ཕྱུག་པོར་འགྱུར།

    འབྲི་གཡག་ཉོ་སྒྲུབ། གཟན་ཆག་དཀྲུག་པ། གཅིག་བསྡུས་རྒྱགས་གསོ། སྦགས་བཙོག་གཙང་སེལ……མིག་སྔར་ལྷ་མཚོ་ལ་འབྲི་གཡག་གསོ་སྤེལ་གྱི་ལག་རྩལ་ཆ་ཚང་རྒྱུན་ལོན་བྱུང་ཡོད།  ཁོང་གིས་སྲོལ་རྒྱུན་གྱི་གསོ་ཚགས་བྱེད་སྟངས་དེ་ཀུང་སིའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པོ་མེད་པས་ཕན་འབྲས་ཆེ་ལ་བདེ་འཇགས་ལྡན་པའི་ངང་ཐོན་སྐྱེད་བྱ་ཆེད།  ས་གནས་དེ་གའི་འབྲི་གཡག་དང་འཚམ་པའི་དེང་རབས་ཅན་གྱི་གསོ་ཚགས་ལག་རྩལ་སྤྱད་ཡོད་དེ། གསོ་སྤེལ་ར་བར་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་37སྒྲིག་སྦྱོར་བྱས་ནས་འབྲི་གཡག་གི་འགུལ་ཚུལ་ལ་ལྟ་ཞིབ་ཞིབ་ཚགས་བྱས་ཏེ།  དུས་ཐོག་ཏུ་གནད་དོན་ཤེས་རྟོགས་ཐུབ་པ་དང་དུས་ཐོག་ཏུ་གནད་དོན་ཐག་གཅོད་བྱས། གསོ་ཚགས་ཐད་གཟན་རྩྭ་དེ་བས་བསྡུ་ལེན་བྱེད་སླ་བ་དང་གཟན་རྩྭ་གཅོད་འབྲེག་དང་འབྲུ་རིགས་མཉམ་དཀྲུག་བྱས་པ་དང་།  རང་འགུལ་ངང་ཆུ་བླུགས་བཅས་བྱས་ནས་ནད་གཞི་འགོས་རྒྱུ་སྔོན་འགོག་བྱེད་ཡོད་ཅེས་བཤད།

    གསོ་སྤེལ་ཀུང་སིའི་གསོ་སྤེལ་བྱེད་སྟངས་དེས་ལས་ཕྱོད་ཧ་ཅང་ཆེ་རུ་ཕྱིན་པ་དང་དེ་སྔོན་ཁྱིམ་ནང་གི་འབྲི་གཡག་ནས་ཐོན་པའི་མར་དང་ཐུད་སོགས་འོ་བཟོས་ཐོན་རྫས་ཀྱིས་ཁྱིམ་ཚང་གཅིག་གི་རྒྱུན་གཏན་འཚོ་བ་ཁོ་ནར་འདང་བ་ལས་ཕྱིར་ཚོང་བྱེད་ཆོག་པའི་ཐོན་རྫས་ལྷག་མ་མེད་པས་དཔལ་འབྱོར་གྱི་ཕན་འབྲས་ཐོན་མི་ཐུབ།   ད་ལྟར་གསོ་སྤེལ་ར་བ་བཙུགས་རྗེས།   ཁྱིམ་ཚང་ཞིག་གི་རྒྱུན་གཏན་གྱི་འཚོ་བ་སྐོང་ཐུབ་པ་མ་ཟད་ད་དུང་འབྲི་གཡག་བཙོངས་ནས་འབབ་འཕར་ཡོང་ཐུབ་པ་དང་།  དེང་རབས་ཅན་གྱི་གསོ་སྤེལ་ལག་རྩལ་དེས་སྟབས་བདེ་བ་མ་ཟད་དེ་བས་གཙང་སྦྲ་དོད་པ་དང་ལས་ཕྱོད་ཀྱང་ཆེ་རུ་ཕྱིན་ཡོད་ཅེས་ལྷ་མཚོའི་པ་ལགས་ཉི་མས་བཤད།

    མིག་སྔར་ཀུང་སིས་ས་གནས་དེ་གའི་འབྲི་གཡག་གསོ་ཚགས་བྱ་ཡུལ་11དང་མཉམ་ལས་བྱས་པར་ཁྱོན་འབྲི་གཡག་700ལྷག་ཙམ་ཡོད་པ་དེའི་ནང་གསོ་སྤེལ་ཀུང་སིར་ནང་རྒྱགས་གསོ་ཐུབ་པའི་འབྲི་གཡག་200ལྷག་ཙམ་ཡོད།  ན་ནིང་མཉམ་ལས་བྱས་པའི་མཉམ་ལས་ཁང་7ལ་ལོ་མཇུག་ཏུ་སྔོ་གསོག་གཟན་ཆག་སྤྱི་རྒྱ་500དང་གཟན་ཆག་སྤུས་ལེགས་རྒྱ་མ་300སྤྲད་པ།  ངའི་ཁྱིམ་གྱི་འབྲི་གཡག་མགོ་གྲངས་100ལྷག་ཙམ་འབྲོག་རར་ཡོད་པ་དེས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀྱ་ཀྱེ་རྫོང་གསོ་སྤེལ་ཚད་ཡོད་ཀུང་སིར་མགོ་གྲངས་20ལྷག་ཙམ་བཙོངས་ཡོད།  ལྷ་མཚོས་རང་ཡུལ་དུ་འབྲི་གཡག་གསོ་སྤེལ་ཀུང་སི་ཞིག་བཙུགས་པས་ང་ཚོ་མཉམ་ལས་ཁང་དང་འབྲི་གཡག་གསོས་པའི་ཞིང་དུད་ལ་རོགས་རམ་ཧ་ཅང་ཆེན་པོ་ཡོད་པས་དཀའ་ལས་བརྒྱབ་ནས་གསོས་པའི་འབྲི་གཡག་ཕྱིར་ཚོང་མི་ཐུབ་པའི་སེམས་ཁྲལ་བྱེད་མི་དགོས་པར་རང་ཉིད་འཚོང་འདོད་ཡོད་ན་ལོ་5ཡན་གྱི་འབྲི་གཡག་ཚང་མ་ཀུང་སི་དེར་འཚོང་ཆོག་པ་རེད་ཅེས་མཉས་ལས་ཁང་ཞིག་འཛུགས་ཡོད་པའི་ཡུལ་མི་ཚེ་རིང་གིས་བཤད།

    ཀུང་སིའི་གླ་པ་ནུང་ནུང་གིས་ལས་གོས་ཕུད་དེ་ཁྱིམ་དུ་ཕག་པར་ལྟོ་སྟེར་བར་འགྲོ་རྩིས་བྱེད་སྐབས་ངའི་ཁྱིམ་ནི་ཀུང་སིའི་འགྲམ་དུ་ཡོད་པ་དང་།  ཀུང་སི་འདིར་གླ་པ་རྒྱུག་པར་གླ་ཆ་རག་ཐུབ་པ་མ་ཟད་ཁྱིམ་ལས་ཀྱང་དུས་གཅིག་ཏུ་ལས་ཐུབ།  དེ་སྔོན་ཕྱིར་གླ་པ་རྒྱུག་པར་སྐྱོད་མྱོང་ལ་གླ་ཆའང་ཡོད་ཀྱང་ཁྱིམ་དུ་ལྟ་རྟོག་བྱེད་ཐུབ་མེད།  ད་ཆ་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཀ་བྱེད་ཐུབ་པས་ང་ཧ་ཅང་བློ་ཡིད་ཚིམ་པོ་འདུག་ཅེས་བཤད།

    “ཕ་ཡུལ་དུ་ལོག་ནས་འབྲི་གཡག་གསོས་ནས་ང་ལ་མ་དངུལ་འཁོར་རྒྱུག་གི་དཀའ་ངལ་འཕྲད་སྐབས།  ཏང་དང་སྲིད་གཞུང་གིས་རོགས་སྐྱོར་གནང་བ་དང་ང་ལ་གསོ་སྤེལ་ཐད་དཀའ་ངལ་འཕྲད་སྐབས།  ཁྱིམ་མི་དང་ཡུལ་མི་ཚོས་ངར་རོགས་སྐྱོར་གནང་བས།  དེ་རིང་ངའི་གསོ་སྤེལ་ཀུང་སི་ལ་གཞི་ཁྱོན་རགས་ཙམ་ལྡན་པ་དང་བཤས་བཏང་བའི་འབྲི་གཡག་ས་གནས་དེ་གར་འཚོང་གི་ཡོད་པ་མ་ཟད།  ཞིང་ཆེན་ནང་ཁུལ་གྱི་ས་དམ་དང་ཁུན་མིང་སོགས་དང་ཞིང་ཆེན་ཕྱིའི་ཧུའུ་ནན་དང་ཀོང་ཏུང་སོགས་ས་གནས་ཀྱི་ཉོ་མཁན་མང་པོ་ཞིག་གིས་དགའ་པོ་བྱེད་ཀྱི་ཡོད”ཅེས་ལྷ་མཚོས་བཤད།    ཉོ་མཁན་གྱི་བློ་ཡིད་ཚིམ་པ་དང་མཉམ་ལས་ཁང་དང་ཞིང་དུད་ཀྱི་ཡིད་ཆེས་ནི་ངས་འབྲི་གཡག་གསོ་སྤེལ་ལས་རིགས་འཕེལ་རྒྱས་ཡག་པོ་གཏོང་བའི་སྒུལ་ཤུགས་ཡིན་པས་ངས་གྲོང་གསེབ་དར་རྒྱས་གཏོང་བའི་གོ་སྐབས་གང་ལེགས་སྤྱད་དེ།  འབྲི་གཡག་གི་རྒྱུད་པ་ལེགས་སུ་གཏོང་བ།   འབྲི་གཡག་གསོ་སྤེལ་ཀྱི་སྲོལ་རྒྱུན་ལེགས་ཆ་སྔོག་འདོན་བྱས་ཏེ།  འབྲི་གཡག་གི་སྤུས་ལེགས་ཚོང་ཟོག་ཐོན་སྐྱེད་རྒྱ་ཆེར་ཧུར་ཐག་བཏང་ནས་གསོ་སྤེལ་ཐོན་ལས་ཅན་གྱི་གཉེར་སྐྱོང་ཆུ་ཚད་མཐོ་རུ་བཏང་སྟེ།  ཡུལ་མི་རྣམས་ཀྱིས་གསོ་སྤེལ་ལག་རྩལ་སྤྱོད་རྒྱུའི་སྣེ་ཁྲིད་དེ་ཐུན་མོང་ཐོག་མཉམ་དུ་ཕྱུག་འགྱུར་ལ་བཙོན་ལེན་བྱེད་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།