ས་བབ་མཐོ་ཚད་སྨི་5231ཐོག་གི་ལམ་སྐྱོང་བཟོ་པ།
“གནམ་འོག་གི་ལམ་སྐྱོང་ས་ཚིགས་དང་པོའི”མཐོང་ཐོས།
བོད་ལྗོངས་ནག་ཆུ་ཨ་མདོ་རྫོང་གྲོང་ནས་ཐོན་ཏེ་རྒྱལ་ལམ་109བརྒྱུད་བྱང་ཕྱོགས་སུ་སྤྱི་ལེ་80ལྷག་ཙམ་བསྐྱོད་ཚེ་མཚོ་བོད་གཞུང་ལམ་གྱི་ས་བབ་མཐོ་ཤོས་ཏེ་གདང་ལའི་ལ་ཁར་འབྱོར་གྱི་ཡོད།
དེ་གར་ས་བབ་མཐོ་ཚད་ལ་སྨི་5231ཟིན་པ་དང་། ལོ་ཟླ་ཁོར་མོ་ཡུག་ཏུ་གྲང་རླུང་འུར་འུར་ལྡང་ཞིང་། ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་10ཙམ་ལས་མེད་པ་དང་། ལོ་གཅིག་ནང་ལྷགས་པ་ཆེན་པོ་རིམ་པ་8རྒྱག་པའི་ཉིན་གྲངས་120ཙམ་ཟིན་གྱི་ཡོད། ཁ་བ་བུ་ཡུག་ག་ཚོད་ལྡང་ཡང་ལམ་དུམ་དེ་ལོ་མང་ཤར་གཏོང་ཐུབ་ཀྱི་ཡོད་ལ། དེ་ཡང“གནམ་འོག་གི་ལམ་སྐྱོང་ས་ཚིགས་དང་པོའི”ལམ་བཟོ་བ་ཚོས་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་བ་དང་ཁ་འབྲལ་ཐབས་མེད།
ཁོང་ཚོ་ནི་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་གཞུང་ལམ་བདག་སྐྱོང་ས་ཚིཌ་ཀྱི་ལམ་སྐྱོང་བཟོ་པ་ཡིན་ཞིང་། 1954ལོར་མཚོ་བོད་གཞུང་ལམ་ལ་རླངས་འཁོར་ཤར་གཏོང་ཐུབ་སྐབས་བཙུགས་པའི་ལམ་སྐྱོང་ས་ཚིགས་དེ་ལ་སྐབས་དེ་དུས“ལམ་སྐྱོང་ས་ཚིགས་109”ཞེས་བརྗོད་ཀྱི་ཡོད། 1990ལོའི་ཟླ་12པར་དེ་སྔའི་འགྲིམ་འགྲུལ་པུའུ་ཡིས“གནམ་འོག་གི་ལམ་སྐྱོང་ས་ཚིགས་དང་པོ”ཞེས་མིང་བཏགས་པ་དང་། 2023ལོར་མཚོ་བོད་གཞུང་ལམ་གྱི་བྱ་གཞག་འཕེལ་རྒྱས་དང་འཕྲལ་སྡོམ་འགན་ལེན་ལྟེ་གནས་ཀྱི་ཨ་མདོ་བདག་སྐྱོང་ལམ་དུམ་109ཡི་བདག་སྐྱོང་ཤར་གཏོང་ས་ཚིགས་ཞེས་པར་མིང་བསྒྱུར་ཡོད།
བདག་སྐྱོང་ཤར་གཏོང་ས་ཚིགས་109བཙུགས་ནས་ལོ་70སོང་རིང་། མཚོ་བོད་གཞུང་ལམ་གྱི་ས་བབ་མཐོ་ཤོས་དང་ལས་ཀའི་ཆ་རྐྱེན་དཀའ་ཚེགས་ཆེ་ཤོས་ཀྱི་སྤྱི་ལེ་59ཡི་ལམ་དུམ་བདག་སྐྱོང་གི་འགན་ཁུར་ཞིང་། ལམ་སྐྱོང་ལས་བཟོ་མི་རབས་མང་པོས་ལམ་སྐྱོང་ས་ཚིགས་དེར་བཅའ་སྲུང་གིས་ཁ་བ་བུ་ཡུག་འཚུབ་པར་མ་འཛེམས་པར་གཞུང་ལམ་དེ་ཉིད་རང་ཁྱིམ་དུ་བརྩིས་ནས་ཚེ་སྲོག་བློས་བཏང་སྟེ“མཁའ་ལམ”འདི་ཤར་གཏོང་ཡོང་བར་བྱས་ཡོད།
གསར་འགོད་པ་དང་བཅས་པ་གདང་ལའི་ལ་ཁར་འབྱོར་སྐབས། ལས་གོས་ལི་མདོག་གྱོན་པའི་ལམ་སྐྱོང་བཟོ་པ་7གྱིས་སྦྱག་མ་ཁྱེར་ནས་ལམ་བཟོ་བཞིན་འདུག
ལམ་བཟོ་ཚེ་རིང་རྡོ་རྗེས“འདི་ནི་ང་ཚོའི་རྒྱུན་གཏན་གྱི་ལས་ཀ་རེད། གཞུང་ལམ་དུས་བཀག་ལྟར་བདག་སྐྱོང་བྱེད་དགོས། དེ་རིང་གི་གནམ་གཤིས་ཡག་པོ་འདུག 2018ལོར་གངས་ཆེན་པོ་འབབ་སྐབས་ལ་ཁར་རླངས་འཁོར་འགགས་ནས། ང་ཚོས་ཉིན་མཚན་བདུན་ལ་གངས་བཤངས་རྗེས་གཞི་ནས་གཞུང་ལམ་ཤར་གཏོང་ཐུབ་ཙམ་བྱུང་སོང་། རྐང་ལག་ལའང་འཁྱགས་པ་ཐེབས་སོང”ཞེས་བཤད།
གསར་འགོད་པ་ལམ་བཟོ་དང་མཉམ་དུ་བདག་སྐྱོང་ཤར་གཏོང་གཞུང་ལས་ས་ཚིགས་སུ་བསྐྱོད་པ་ཡིན། གཞུང་ལས་ས་ཚིགས་དེ་གདང་ལའི་ལ་ཁ་ལས་ས་བབ་དམའ་ཙམ་གྱི་སར་ཡོད་ཀྱང་མཐོ་ཚད་ལ་སྨི་5000ལྷག་ཙམ་ཟིན་གྱི་ཡོད། རྒྱུན་དུ་ལམ་སྐྱོང་བཟོ་པ་39ཡིས་གནས་འདིར་ལས་གནས་བརྟན་པོར་སྲུང་བཞིན་འདུག
གནས་འདིའི་རོགས་སྐྱོབ་ས་ཚིགས་ལ་གསར་འགོད་པའི་དོ་སྣང་ཆེན་པོ་བྱུང་ཞིང་། ཁང་པའི་ནང་དུ་འཛུལ་སྐབས་ཉལ་ཁྲི་དང་། གསོ་རླུང་ལྕགས་དམ། ལ་དུག་འགོག་སྨན་སོགས་ཡོད་པ་མ་ཟད། ཕྱོགས་བཞིའི་གྱང་ངོས་སུ་གོས་དར་མང་པོ་བཀལ་འདུག་ལ། ཤོག་བུ་དམར་པོའི་ཐོག་སྤུ་སྨྱུག་གིས་བྲིས་པའི་ཐུགས་རྗེ་ཞུ་ཡིག་ཅིག་ཡོད་པ་དེ་ཧ་ཅང་མངོན་གསལ་དོད་པོ་ཡོད། ཡི་གེའི་ནང“དུས་ཡུན་རིང་བའི་ཆུ་ཚོད་10ཡི་ནང་། ཁྱེད་ཚོས་ཉེན་ཁ་དང་ངལ་དུབ་ལ་མ་འཛེམས་པར་ཐབས་ཤེས་ཡོད་རྒུས་ང་ཉེན་ཁ་ལས་ཐར་ཐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བདེ་དགའ་དང་། ཏུང་ལི། ཚེ་རིང་རྡོ་རྗེ་བཅས་ལམ་སྐྱོང་བཟོ་པ་གསུམ་ལ་ཐུགས་རྗེ་ཆེ་ཞུ་ཚུལ་བྲིས་འདུག
སྐད་ཆ་ཤོད་རྒྱུར་དགའ་པོ་དེ་ཙམ་མེད་པའི་བདེ་དགས་རོགས་སྐྱོབ་བྱས་པའི་སྐོར་གླེང་སྐབས། “གནས་ཚུལ་འདི་ད་ལོའི་ཟླ་7པར་ཐོན་ཞིང་། སྐབས་དེ་དུས་ང་ཚོས་གཞུང་ལམ་དུ་སྐོར་ཞིབ་བྱེད་ཀྱི་ཡོད། ཀྲེན་ཀྲོའུ་ནས་ཡིན་པའི་སྦག་སྦག་གཏོང་མཁན་ཞིག་སྦག་སྦག་དང་མཉམ་དུ་ལམ་ཟུར་གྱི་ཡུར་བུའི་ནང་ཟགས་འདུག་པས། ང་ཚོས་ནུས་ཤུགས་ཡོད་རྒུ་བཏོན་པ་བརྒྱུད་བསྐྱབས་ཐུབ་ཙམ་བྱུང”ཞེས་བཤད།
འདི་ལྟ་བུའི་གཏམ་རྒྱུད་ད་དུང་བརྗོད་ཀྱིས་མི་ལང་ལ། གོས་དར་ལས་ལམ་སྐྱོང་བཟོ་པ་མི་རབས་མང་པོས་སེམས་ནུས་ཡོད་རྒུས་ལེགས་སྐྱེས་ཕུལ་བ་མཚོན་གྱི་ཡོད།
གཞུང་དོན་ས་ཚིགས་ནས་ཐོན་ཏེ་སྨི་ལྔ་བཅུའི་ས་ནི“ཁ་ལོ་བའི་ཁྱིམ་ཚང”ཡིན་པ་དང་། འགྲོ་འོང་བྱེད་མཁན་ཁ་ལོ་བ་ཚོས་དེ་གར་ངལ་གསོ་རྒྱག་ཆོག ཁང་པའི་ནང་གི་གཞོགས་གཅིག་ལ་ཧྲ་ཧྥ་ཁ་ཤས་བསྒྲིགས་ཡོད་པ་དང་། གཞོགས་གཞན་དུ་སྒོ་རྩིས་ཚོང་ཁང་ཆུང་ཆུང་ཞིག་ཡོད་པ་དེས་སྟབས་བདེའི་ཐུག་པ་དང་། ཏན་ཞིམ། གཙང་ཤོག་སོགས་མཁོ་འདོན་བྱེད་ཀྱི་ཡོད།
ཉིན་གུང་གི་ཆུ་ཚོད་དང་པོ་ཙམ་ལ་སླེབས་སྐབས། གསར་འགོད་པས་ཨ་མདོ་ལམ་སྐྱོང་ལམ་དུམ་གྱི་ཏོན་ཀྲང་གཞོན་པ་ཉི་མ་ཚེ་རིང་དང་མཉམ་དུ་དེ་གར་སྟབས་བདེའི་ཐུག་པ་བཏུང་བ་ཡིན། ཉི་མ་ཚེ་རིང་གིས“ལམ་བཟོ་ཚོ་དཀའ་ལས་ཁག་ཤོས་རེད། ཁོང་ཚོའི་ཟ་སྡོད་ཚང་མ་གཞུང་ལས་ས་ཚིགས་སུ་བྱེད་དགོས་ལ། ཁག་གཅིག་གིས་ད་དུང་ཕྲུ་གུའང་འཁྲིད་དགོས་ཀྱི་ཡོད། ཁྱེད་ཚོས་ཁོང་ཚོར་དོ་ཁུར་མང་ཙམ་བྱེད་པའི་རེ་བ་ཡོད”ཅེས་་བབ་བརླིང་ངང་བཤད།
ཐང་དཀར་རྒོད་པོ་ཡང་འཕུར་དཀའ་བའི་གདང་ལའི་ལ་ཁར་ལམ་སྐྱོང་བཟོ་པ་མི་རབས་མང་པོས“ལམ་རྡོ”བྱས་ནས“ལམ་གཉིས”ཀྱི་སྙིང་སྟོབས་ཀྱི་རྒྱུན་འཛིན་བཞིན་མཆིས།
(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན་གཞིར་བཟུང)