མཚོ་བོད་ལམ་ཐིག་གི་ཟོག་འགྲེམས་གླིང་ལ་ལྟ་བ།
མཚོ་བོད་ལམ་ཐིག་གི་ཟོག་འགྲེམས་གླིང་ལ་ལྟ་བ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། གསར་འགོད་པ་མཚོ་སྔོན་ཞིང་ཆེན་གོར་མོའི་ཁུ་ནུ་ཟོག་འགྲེམས་གླིང་དུ་སྐྱོད་སྐབས་ཟོག་འདྲེན་རླངས་འཁོར་སྟར་པ་མང་པོ་བསྒྲིགས་ཡོད་པ་དང་ཁ་ལོ་བ་ལ་ལ་ཁ་བརྡ་གློད་པ་དང་། ལ་ལ་ངལ་གསོ་རྒྱག་པ། ཡང་ལ་ལ་བརྙན་ལམ་བརྒྱུད་གཉེན་གྲོགས་དང་ཁ་བརྡ་གློད་བཞིན་མཆིས།
གོར་མོའི་ཁུ་ནུ་ཟོག་འགྲེམས་གླིང་ནི་2017ལོར་བསྐྲུན་ཞིང་། གོར་མོའི་ཁུ་ནུ་ཟོག་འགྲེམས་སྐྱེལ་འདྲེན་ལས་རིགས་ཚད་ཡོད་ཀུང་སིའི་དུས་ཐེངས་དང་པོའི་སྐྱེལ་འདྲེན་པུའི་སྤྱི་ཁྱབ་ཅིང་ལི་ཀྲང་ཅན་རུང་གིས་དེ་གར་ནི་བོད་དུ་མ་ཐོན་གོང་གི་ངལ་གསོ་རྒྱག་ས་མཐའ་མ་དེ་རེད་ལ། མཚོ་བོད་གཞུང་ལམ་གྱི་ལེ་ལག་ཚང་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་གླིང་ཁུལ་གྱི་གྲས་ཤིག་ཀྱང་རེད། དེ་གར་ཁ་ལོ་བ་ཚོའི་ལྟོ་ཆས་དང་། ཞག་སྡོད། རླངས་འཁོར་ཉམས་བཟོ། རླངས་འཁོར་སྒྲིག་ཆས་སོགས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། དེ་གར་ཡོད་པའི་བོད་དུ་སྐྱོད་མཁན་རླངས་འཁོར་གྱིས་གོར་མོར་བརྒྱུད་སྡོད་བྱེད་མཁན་རླངས་འཁོར་ཡོངས་ཀྱི་70%ཙམ་ཟིན་གྱི་ཡོད་ཅེས་བཤད།
ཀྲང་ཅན་རུང་གིས་ཉེ་བའི་ལོ་གཉིས་ནང་བོད་ཀྱི་འཕེལ་རྒྱས་དང་འཛུགས་སྐྲུན་གྱི་དགོས་མཁོའི་དབང་གིས་ལྕགས་རྩིབས་དང་དབྱིབས་ལྡན་རྒྱུ་ཆ་སོགས་འཛུགས་སྐྲུན་རྒྱུ་ཆའི་དགོས་མཁོ་ཆེ་ཙམ་ཡོད་པ་དང་ལྷག་པར་དུ་འདི་ལོ་བོད་དུ་ཨར་ལས་རྒྱུ་ཆ་སྐྱེལ་འདྲེན་བྱེད་མཁན་རླངས་འཁོར་ཧ་ཅང་མང་པོ་ཡོད་ཅིང་། དུས་རྒྱུན་གཙོ་བོ་འཚོ་བའི་དངོས་ཟོག་སྣ་ཚོགས་དང་། ཀྭ་རིགས་དང་། ཤིང་འབྲས། སྔོ་ཚལ་སོགས་དབོར་གྱི་ཡོད་ཅེས་བཤད།
ལོ་མང་རིང་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཟོག་འདྲེན་རླངས་འཁོར་དང་གྲང་ཕྲེང་ཟོག་འགྲེམས་རླངས་འཁོར་མཚོ་བོད་ལམ་ཐིག་ནས་ཕར་འགྲོ་ཚུར་འོང་བྱེད་ཅིང་། ས་བབ་མཐོ་ཚད་ལ་སྨི་5000ལྷག་ཙམ་ཡོད་པའི་གདང་ལ་བརྒལ་ཏེ་ཐོན་སྐྱེད་དང་འཚོ་བའི་དངོས་ཟོག་སྣ་ཚོགས་བོད་ལྗོངས་ལྷ་སར་དབོར་ནས། མཚོ་བོད་གཞུང་ལམ་གྱིས་མི་དང་། ཟོག་འགྲེམས། ཆ་འཕྲིན་བཅས་ཀྱི་འཁོར་རྒྱུག་ལ་སྐུལ་ཁྲིད་ཐུབ་པ་མ་ཟད། ད་དུང་བོད་ཀྱི་དེང་རབས་ཅན་འཕེལ་རྒྱས་ལའང་སྐུལ་མ་ཐེབས་བཞིན་ཡོད་པ་རེད།
མཚོ་བོད་ལམ་ཐིག་གི་རྒྱལ་ལམ་109ཡི་ལམ་འགྲམ་དུ་གནས་པའི་ལྷ་སའི་གྲོང་ཁྱེར་མ་འཇོག་ཟོག་འགྲེམས་གླིང་གིས་གཙོ་བོ་ལྷ་ས་ནས་རྒྱལ་ཡོངས་བར་གྱི་རླངས་འཁོར་ཧྲིལ་པོ་དང་ལྷུ་ལག་ཆེ་གྲས་སོགས་དབོར་འདྲེན་གྱི་ལས་སྒོ་གཉེར་གྱི་ཡོད་པ་རེད།
གཉེར་སྐྱོང་ཕྱོགས་ཡིན་པའི་ལྷ་སའི་གྲོང་ཁྱེར་མ་འཇོག་ཟོག་འགྲེམས་ཚད་ཡོད་ཀུང་སིའི་འགན་འཁུར་བ་ལི་ཞའོ་ཅུན་གྱིས“མཚོ་བོད་ས་མཐོའི་འགྲིམ་འགྲུལ་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་ཅིང་ཏུང་དང་། དབྱི་ལི། ཏེ་པང་ཟོག་འགྲེམས་སོགས་ཁེ་ལས་ཆེ་གྲས་གཅིག་རྗེས་གཉིས་མཐུད་ངང་དེའི་ནང་ཞུགས་པ་དང་། ལྷ་སར་ཞིང་ཆེན་རིམ་པའི་ཡན་ལག་ཀུང་སི་བཙུགས་མཁན་ཁེ་ལས་ཇེ་མང་དུ་འགྲོ་བ་དང་ཆབས་ཅིག་བོད་ཀྱི་ནས་ཀྱི་ཐོན་རྫས་དང་བོད་སྨན་སོགས་ཁྱད་ལྡན་ཐོན་རྫས་ཀྱང་རྒྱལ་ཡོངས་སུ་ཕྱིར་ཚོང་བྱེད་ཀྱི་ཡོད”ཅེས་བཤད།
དེ་དང་འདྲ་བར་མཚོ་བོད་ལམ་ཐིག་གི་རྒྱལ་ལམ་109ཡི་ལམ་འགྲམ་དང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་གནས་པའི་བོད་ལྗོངས་ས་མཐོའི་གྲང་ཕྲེང་ཟོག་འགྲེམས་ལྟེ་གནས་སུ་གྲང་ཕྲེང་ཟོག་འགྲེམས་རླངས་འཁོར་ཆེ་ཆུང་སྣ་ཚོགས་བྲེལ་འཚུབ་ཀྱིས་ཁེངས།
རྒྱ་ཁྱོན་ལ་སྨི་ངོས་གྲུ་600ཙམ་ཡོད་པའི་འཁོར་ཁང་ཞིག་ཏུ་འཛུལ་སྐབས་གནོན་བཙིར་འཕྲུལ་འཁོར་དང་མདོང་ལམ་ཕྲ་སྦོམ་མི་འདྲ་བ་ཐོག་པང་ལའང་ཐུག་ལ་ཉེ། ཟོག་འགྲེམས་ལྟེ་གནས་ཀྱི་འགན་འཁུར་བ་དབྱང་ཤན་ཆིང་གིས་གསར་འགོད་པར“ཟོག་འགྲེམས་ལྟེ་གནས་ནི་བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་གྲང་ཕྲེང་ཟོག་འགྲེམས་རྟེན་གཞི་ཞིག་ཡིན་པ་དང་ཚང་མ་སྒྲིག་ཆས་དེ་དག་ལ་བརྟེན་ནས་གྲང་མོ་བཟོ་གི་ཡོད། ང་ཚོས་ཁོར་ཡུག་སྲུང་སྐྱོང་རྣམ་པའི་གྲང་བཟོའི་རྫས་སྦྱོར་སྤྱད་དེ་སྐྱེ་ཁམས་མཐུན་འཕྲོད་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད”ཅེས་བཤད་།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཟོག་འགྲེམས་ལྟེ་གནས་ཀྱིས་ཉིན་ལྟར་བོད་ཀྱི་ས་གནས་ཁག་ཏུ་དངོས་ཟོག་ཏུན་400ལྷག་ཙམ་སྐྱེལ་གྱི་ཡོད་པ་རེད། “མཚོ་བོད་ལམ་ཐིག་ནི་བོད་ཀྱི་སྲོག་རྩ་ཡིན་ཞིང་། ང་ཚོའི་དངོས་ཟོག་ཡོང་ཁུངས་ཀྱི་ཐག་རིང་ཤོས་ནི་སྤྱི་ལེ་5000ལྷག་ཙམ་གྱིས་ཆོད་པའི་ཧེ་ལུང་ཅང་ཆི་ཆི་ཧར་ཡིན”ཞེས་དབྱང་ཤན་ཆིང་གིས་བཤད།
ཟོག་འགྲེམས་ལས་རིགས་འཕེལ་རྒྱས་ཆེན་པོ་ཕྱིན་པ་དེས་ལས་ཞུགས་དེ་བས་མང་བར་སྐུལ་ཁྲིད་ཐུབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཟོག་འགྲེམས་ལྟེ་གནས་ལ་ལས་མི་700ལྷག་ཙམ་ཡོད་པ་རེད།
“ངའི་ཚོང་ཇེ་ཡག་ཏུ་ཕྱིན་ནས་རླངས་འཁོར་གསར་པ་བརྗེས་པ་མ་ཟད་ཁང་པ་ཆེན་པོའང་ཉོས་པ་ཡིན། དེ་ནི་མཚོ་བོད་གཞུང་ལམ་བསྐྲུན་པའི་དྲིན་ཡིན”ཞེས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ནས་ཡིན་པའི་ལོ་45ལ་སླེབས་པའི་ཉི་མ་རྒྱལ་པོས་བཤད་པ་དང་ཚགས་ཤ་བཙོངས་ནས་ལོ་8སོང་བའི་ཁོང་གིས“ངས་གཙོ་བོ་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དང་། མཚོ་སྔོན། སི་ཁྲོན་ཧུང་ཡོན་རྫོང་སོགས་ནས་ཚགས་ཤ་སྡེབ་ཉོ་བྱས་རྗེས་བོད་ཀྱི་གྲོང་ཁྱེར་དང་རྫོང་ཁག་ཏུ་སིལ་ཚོང་བྱས་པར་ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི་8000ཙམ་ཟིན་གྱི་འདུག”ཅེས་བཤད།