དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་མོ་རྔུལ་ཆུའི་འགྲམ་གྱི་རྫ་ཆས་བཟོ་རྩལ།

    —— ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་འབྲི་རུ་གྲོང་རྡལ་ཉིང་ནང་གྲོང་ཚོའི་མཉམ་ལས་ཁང་ལ་བཅར་འདྲི་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-16

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་འབྲི་རུ་གྲོང་རྡལ་ཉིང་ནང་གྲོང་ཚོའི་རྫ་ཆས་བཟོ་རྩལ་གང་སར་སྐད་གྲགས་ཆོད། བཟོ་རྩལ་སྤུས་དག་དང་གནའ་ཉམས་དོད་པའི་བཟོ་ལྟར་མཛེས་དཔྱོད་ཀྱི་དགོས་མཁོ་གསར་པ་བསྣན་པ་ལས་འགྲེམས་ཚོགས་ཆེ་གྲས་ཁག་ཏུ་ཉིང་ནང་གི་རྫ་ཆས་ཧབ་ཐོབ་བརྒྱབ་ནས་ཉོ་གི་ཡོད། གསར་འགོད་པས་དེའི་སྙན་པ་ཐོས་ནས་རི་མཐོའི་གྲོག་རོང་ཁྲོད་ཀྱི“མངོན་མིན་རིག་གནས་ཤུལ་བཞག”གི་ཉམས་འགྱུར་གསར་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཚོལ་བར་ཆས།

    འབྲི་རུ་རྫོང་མཁར་ནས་ཟམ་པ་ཞིག་བརྒྱུད་རྗེས་གྲོག་རོང་ཆུང་ངུ་ཞིག་ཏུ་སླེབས་པ་དང་། དེ་ནས་མི་རིང་བར་གྲོང་ཚོ་དེ་མིག་ལམ་དུ་འཆར། གྲོང་ཚོ་ཨུ་ལྷན་འགྲམ་གྱི་ཁང་སྟེང་ཞིག་ཏུ“མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་ཁང”ཞེས་པའི་བྱང་བུ་ཞིག་བཀལ་ཡོད་པ་དང་། སྒེའུ་ཁུང་ནས་ནང་དུ་ལྟ་སྐབས། བང་ཁྲིའི་ཐོག་གི་ཚོན་མདོག་མི་འདྲ་བའི་རྫ་ཆས་སྣ་ཚོགས་སྒྲིག་གཤོམ་བྱས་ཡོད་པས། མི་རྣམས་ཀྱི་མིག་དབང་ཅིག་ཅར་དུ་འཕྲོག་པར་བྱེད།

    “དེ་སྔོན་ཐག་རིང་ལུང་ཁུག་ཏུ་གནས་པའི་ཉིང་ནང་གྲོང་ཚོ་སྐད་གྲགས་དེ་ཙམ་མེད་མོད། ཡིན་ནའང་ཆོས་བཟང་རྫ་ཆས་མཉམ་ལས་ཁང་བཙུགས་པ་ནས་བཟུང་། སྐད་གྲགས་ཆེ་རུ་ཕྱིན་ཏེ་མི་མང་པོ་ཞིག་དེ་གར་ལྟ་བར་ཡོང་གི་ཡོད”ཅེས་ཉིང་ནང་གྲོང་ཚོའི་ཞིང་འབྲོག་ཆེད་ལས་པ་རིན་ཆེན་བཟང་པོས་ངོ་སྤྲོད་བྱེད་ཞོར་དུ་གསར་འགོད་པ་བཟོ་ཁང་དུ་ཁྲིད།

    2015ལོར། གྲོང་ཚོ་ཡོངས་ཀྱི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱ་ཆེད། ཉིང་ནང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་སྣེ་ཁྲིད་འོག་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་ཟླ་རྫོགས་ཀྱིས་སྣེ་ཁྲིད་ནས“འབྲི་རུ་གྲོང་རྡལ་ཉིང་ནང་གྲོང་ཚོའི་ཆོས་བཟང་རྫ་ཆས་རམ་བུ་དཔལ་འབྱོར་མཉམ་ལས་ཁང”དངོས་སུ་བཙུགས་ཤིང་། ཐོག་མའི་སྐབས་མ་དངུལ་ཁ་ཐང་བའི་དབང་གིས་ཉིང་ནང་གྲོང་ཚོའི་དུད་ཚང་རེ་ནས་མ་དངུལ་སྒོར་ཁྲི་2བསྡུ་རྒྱུའི་སྐུལ་སློང་བྱས་ནས་རགས་ཙམ་བཙུགས་ཐུབ་ཡོད།

    2018ལོར། གཉེར་སྐྱོང་ཡག་པོ་བྱས་པ་བརྒྱུད། ཡུལ་མི་དུད་ཚང་རེ་ནས་བསྡུས་པའི་སྒོར་ཁྲི་2དེ་དག་ཚུར་སློག་ཐུབ་ཡོད། 2019ལོར། མཉམ་ལས་རྩ་འཛུཌ་ལ་ཁྱོན་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་བྱུང་བའི་ནང་རྫ་ཆས་ཐོན་རྫས་ཁོ་ན་ནས་ཡོང་འབབ་སྒོར་ཁྲི་16བྱུང་བ་དང་། ལོ་མཇུག་ཏུ་དུད་ཚང་རེར་བགོ་འགྲེམས་སྒོར་6000ཙམ་བྱུང་ནས་ཡུལ་མི་རྣམས་རིམ་བཞིན་ཕྱུག་འགྱུར་ལམ་དུ་བསྐྱོད་རྒྱུར་སྣེ་ཁྲིད་ཐུབ་ཡོད།

    “ཐོན་རྫས་ཐོག་མར་བཟོ་སྐབས་སྐད་གྲགས་མེད་པས་མཉམ་ལས་ཁང་ལ་ཕན་འབྲས་ཆེན་པོ་དེ་ཙམ་ཐོན་མེད”ཅེས་མཉམ་ལས་ཁང་གི་འགན་འཁུར་བ་ཟླ་རྫོགས་ཀྱིས་ངོ་སྤྲོད་བྱས་ཤིང་། ཁོང་གིས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་སྒྲིག་འཛུགས་བྱས་པ་བརྒྱུད་གྲོང་ཚོའི་རྫ་ཆས་བཟོ་རྩལ་པ་ཡུན་ནན་གྱི་རྫ་ཆས་བཟོ་གྲྭར་ལྟ་སྐོར་སློབ་སྦྱོང་བྱེད་པར་མངགས་ནས་ལེགས་ཆ་ལེན་དུ་བཏང་ནས། ད་ཡོད་ཀྱི་རྒྱུ་ཆ་འདེམས་སྤྱོད་དང་རྫ་ཆས་བཟོ་བའི་ལག་རྩལ་སོགས་ཐད་ལེགས་བཅོས་བྱས་པས་ཐོན་རྫས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད”ཅེས་བཤད།

    དེ་རྗེས་སྔ་རྗེས་སུ“གྲོང་གསེབ་དར་རྒྱས། ནག་ཆུ་ཡར་ཐོན”ཞེས་པའི་བྱེད་སྒོ་སྐབས་གསུམ་ལ་ཞུགས་པ་བརྒྱུད་མཉམ་ལས་ཁང་གི་སྐད་གྲགས་ཆོད་ཚད་རིམ་བཞིན་ཆེ་རུ་ཕྱིན་ནས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་རྫ་ཆས་ལ་འོད་སྣང་གསར་པ་འཕྲོ་ཐུབ་པ་བྱུང་ལ། 2022ལོར་ཉིང་ནང་གྲོང་ཚོའི་རྫ་ཆས་དེ་ཉིད་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་ཚུད་ཡོད།

    འཕེལ་རྒྱས་རྒྱུན་ཆད་མེད་པར་ཕྱིན་པ་དང་སྦྲགས། 2022ལོར་མཉམ་ལས་ཁང་གིས་བཟོ་ཁང་གསར་པ་བསྐྲུན་ནས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ལ་འཕེལ་རྒྱས་ཀྱི་ཁོར་ཡུག་དེ་བས་ལེགས་པ་བཏོད་ཡོད།

    མིག་སྔར། མཉམ་ལས་ཁང་གིས་མི་དྲུག་རྫ་བཟོའི་ལག་རྩལ་སློབ་སྦྱོང་དང་རྒྱུན་འཛིན་མཁན་གྱི་སྣེ་ཁྲིད་ལ་འགྱུར་བ་མ་ཟད། ལས་ཞུཌ་ཀྱང་ཐུབ་ནས་མི་རེར་ཉིན་རེར་ཡོང་འབབ་སྒོར་300རག་གི་ཡོད།

    ཟླ་རྫོགས་ཀྱིས“ད་ཆ་རྫ་ཆས་རིག་གནས་ལ་སྔར་བཞིན་འོད་སྣང་འཕྲོ་བཞིན་ཡོད་པས་ང་ཚོས་མུ་མཐུད་ལག་རྩལ་དེ་རྒྱུན་འཛིན་དང་དར་སྤེལ་ལ་འབད་ཀྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།