“ཁྲོན་བོད་གཞུང་ལམ”འགོ་འཛུགས་ས་སི་ཁྲོན་གཡག་རྔ་།
གནའ་ལམ་གྱི་ལེའུ་གསར་རྩོམ། ཇ་ལོ་ཡི་དྲི་ཞིམ་འཐུལ།
འདི་ནི་གཡག་རྔ་གྲོང་ཁྱེར་ཡུས་ཁྲེང་ཆུས་ཚའོ་པཱ་གྲོང་རྡལ་གྱི་ཇ་ར་ཡིན་པ།
“མི་ཚེ་འདིར་རླངས་འཁོར་བཏང་ནས་རྒྱལ་ལམ་318བརྒྱུད་གཡག་རྔ་ནས་ལྷ་སར་ཡིན་གཅིག་སྐྱོད་དགོས”ཞེས་པ་ནི་འཁོར་ཁྲིད་ཡུལ་སྐོར་ལ་དགའ་པོ་ཡོད་མཁན་མང་པོའི་གདམ་ག་ཨང་དང་པོ་ཡིན།
1950ལོའི་ཟླ་བཞི་པར། ཁམས་བོད་གཞུང་ལམ(དེང་གི་ཁྲོན་བོད་གཞུང་ལམ)དེ་གཡག་རྔའི་གསེར་བྱ་འགག་ནས་སྐྲུན་འགོ་ཚུགས་པས། གཡག་རྔ་ལ“ཁྲོན་བོད་གཞུང་ལམ་གྱི་འགོ་འཛུགས་ས”ཞེས་ཀྱང་བརྗོད་ཀྱི་ཡོད།
གཡག་རྔ་དང་བོད་དབར་འབྲེལ་བ་དམ་ཟབ་བྱུང་བ་ནི་ཁྲོན་བོད་གཞུང་ལམ་སྟེ“རྒྱལ་ཁབ་ཀྱི་ལམ་ཆེན”འདི་ཁོ་ནས་མ་ཡིན་པར་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བའི་མཁོ་ཆས་ཇ་དང་ཡང་འབྲེལ་བ་དམ་ཟབ་ཡོད་པ་རེད།
གངས་ལྗོངས་ས་མཐོར་ཇའི་རིག་གནས་དར་ནས་ལོ་སྟོང་ཕྲག་ལྷག་ཕྱིན་ཡོད། འདི་གའི་མང་ཚོགས་ཇ་སྲུབས་མ་དང་། ཇ་མངར་མོ། ཇ་ཐང་སོགས་འཐུང་རྒྱུར་ཧ་ཅང་དགའ་པོ་ཡོད་དེ། ཞོགས་པ་སྔ་པོ་ནས་ཇ་འཐུང་རྒྱུ་ནི་མི་སེར་དཀྱུས་མ་ཚོའི་འཚོ་བའི་གོམས་གཤིས་ཡིན་ལ་ཇའི་ནང་གི་རྒྱུ་ཆ་གལ་ཆེ་ཤོས་ནི་ཇ་ལོ་ཡིན་པ་དང་། ཇ་ལོ་མང་ཆེ་བ“ཀྲུང་གོའི་བོད་ཇའི་ཕ་ཡུལ”ཏེ་གཡག་རྔ་ནས་ཐོན་གྱི་ཡོད་པ་རེད།
རྒྱལ་ལམ་318རྒྱུད་ཀྱི་གཡག་རྔ་གྲོང་ཁྱེར་མིང་ཧྲན་ཆུས་ཤིན་ཏེན་གྲོང་རྡལ་ཤིན་ཤིང་གྲོང་ཚོར། རྗེས་ཤུལ་རྟོག་ཞིབ་བྱེད་ཐུབ་པའི་རང་རྒྱལ་གྱི་གནའ་བོའི་ཇ་རྟའི་ཉོ་ཚོང་དོ་དམ་སྒྲིག་གཞིའི་གནའ་ཤུལ་འབའ་ཞིག་སྟེ་ཇ་རྟ་སི་ཉར་ཚགས་བྱས་ཡོད་པ་རེད། གནའ་ཉམས་དོད་པའི་སྒོ་ར་གྲུ་བཞི་དེ་ནི་སུང་ཧྲེན་ཙུང་གི་ཞི་ཉིང་ཁྲི་ལོ་བདུན་པར(སྤྱི་ལོ་1074ལོ)གསར་དུ་བསྐྲུན་པ་དང་ཆིང་རྒྱལ་རབས་ཀྱི་ཏའོ་ཀོང་ཁྲི་ལོ་ཉེར་དགུ་པར(སྤྱི་ལོ་1849ལོ)བསྐྱར་སྐྲུན་བྱས། གནའ་ཤུལ་དེའི་རྒྱལ་སྒོའི་རུ་བཞིའི་སྟེང་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཐོག་ནས“ཇ་རྟ་སི”ཞེས་གསེར་བྲིས་བྱས་ཡོད་པ་དང་། རྒྱལ་སྒོ་ཕྱེ་ཚེ་མིག་ལམ་དུ་འཆར་འོང་བ་ནི་རྡོ་རིང་སྟེང་སྔར་བཞིན་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཐོག་ནས་བྲིས་པའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཏེ“མིང་ཧྲན་རི་བོར་ཧན་ནུབ་མའི་སྐབས་ནས་ཇ་ལོ་འདེབས་འགོ་ཚུགས་པ་དང་། སུང་རྒྱལ་རབས་སྐབས་སུ་ལོ་འཁོར་མོར་དམག་འཁྲུག་བརྒྱབ་པས་ཇ་ལོ་སྤྲད་དེ་དམག་རྟ་ཉོས་པ་ལ་སོགས་མིང་ཧུང་ཝུའུ་ཡི་དུས་སུ་ཇ་ལོ་གཞུང་ཉོ་གཞུང་འཚོང་བྱས་ནས་ཇ་རྟ་སིས་ཇ་ལོ་དོ་དམ་བྱས་པ”སོགས་རེད།
ཇ་རྟ་སིའི་འགན་འཁྲི་ནི་ཇ་རྟ་ཉོ་ཚོང་ལ་ཆེད་མངགས་དོ་དམ་བྱ་རྒྱུ་དང་ལྷག་པར་དུ་བོད་འབྲེལ་ས་ཁུལ་ལ་ཇ་ལོ་མཁོ་འདོན་བརྟན་པོ་བྱ་རྒྱུ་དེ་ཡིན་པ་རེད།
གཡག་རྔ་ནི་ཁྲོན་བོད་ཇ་རྟའི་གནའ་ལམ་གྱི་འགོ་འཛུགས་ས་ཡིན་སྟབས་ཇ་རྟ་སི་དེ་གར་བཙུགས་ཡོད། དེའི་ཐོག་ནས་ཇ་རྟ་བརྗེ་རེས་ལ་ཚོང་དོན་གྱི་ཕན་ནུས་ཕུད་ད་དུང་ཆབ་སྲིད་དང་རིག་གནས་ཐད་ཀྱི་བསམ་གཞིག་ཀྱང་ཡོད་པ་མཚོན་ཡོད། དེང་སྐབས་བལྟས་ན། ཇ་ལོ་གཅིག་ལ་ཡང་མི་རིགས་ཁག་ཕན་ཚུན་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ་དང་མེས་རྒྱལ་གྱི་མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།
ཇ་ལོ་ལས་ཆགས་པའི་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་ཟབ་མོ་ད་བར་རྒྱུན་མཐུད་ཐུབ་ཡོད། གཡག་རྔའི་ཇ་ལོ་བཟོ་གྲྭ་ནས་ཇའི་དྲི་ཞིམ་ཡོངས་སུ་འཐུལ། འཁོར་ཁང་ཕྱིའི་རྩིག་ལྡེབས་སུ་བྲིས་པའི“གཡག་རྔའི་ཇ་ལོ་བཟོ་གྲྭ་ནི་གཡག་རྔ་མི་དམངས་ཀྱི་ཇ་ལོ་བཟོ་གྲྭ་ཡིན་ལ་བོད་རིགས་མི་དམངས་ཀྱི་ཇ་ལོ་བཟོ་གྲྭ་ཡང་ཡིན”ཞེས་པའི་ཡིག་འབྲུ་ཆེན་པོ་དེ་མངོན་གསལ་དོད་པོ་ཡོད། གཡག་རྔ་ཇ་ལོ་བཟོ་གྲྭའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དབྱང་ཁྲུན་མེ་ཡིས“ང་ཚོའི་ཇ་ལོ་བཟོ་གྲྭས་ཐོན་སྐྱེད་བྱས་པའི་ཇ་ལོ་ནི་ཁྲོན་བོད་ས་ཁུལ་གཉིས་དབར་འགྲོ་འོང་དམ་ཟབ་ཡོད་པའི་དཔང་རྟགས་རེད”ཅེས་བཤད།
དེ་གར་ལོ་470ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི“མིང་རྒྱལ་རབས་ཀྱི་ཇ”དང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་ཆེད་གྲ་སྒྲིག་བྱས་པའི“ཀྲུང་དབྱང་གི་ཇ” ཐའེ་པེའི་ཕོ་བྲང་རྙིང་མའི་རྟེན་རྫས་བཤམས་མཛོད་ཁང་དུ་བསྡུ་ཉར་བྱས་པའི“ཉར་ཚགས་ཇ”སོགས་རྩ་ཆེ་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་ཇ་བག་ཆུང་སྣ་ཚོགས་བཤམས་ཡོད་པ་རེད།
ཀྲུང་དབྱང་གིས་བོད་ཀྱི་མང་ཚོགས་ཀྱི་བདེ་ཐང་གསོལ་ཇར་ཚད་མཐོའི་མཐོང་ཆེན་གནང་ནས་ཧྥུལ་མེད་ཀྱི་བདེ་ཐང་ཇ་ལོ་ཁྱབ་གདལ་ཤུགས་ཆེན་གཏོང་གི་ཡོད། 2020ལོ་ནས་བདེ་ཐང་ཇ་ལོ་ཁྱབ་གདལ་ལས་དོན་སྤེལ་ཚུན། བོད་རང་སྐྱོང་ལྗོངས་ཀྱིས་དམངས་འཚོའི་འདུ་འགོད་དེ“དམངས་ལ་བྱ་བ་དངོས་སྒྲུབ་པའི”དོན་ཆེན་ཞིག་ཏུ་བརྩིས་ནས་ཐོག་མཐའ་བར་གསུམ་དུ་དམ་འཛིན་བྱེད་ཀྱི་ཡོད་པ་རེད།
གཡག་རྔ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་རིམ་པ་བཞི་པའི་བརྟག་ཞིབ་པ་སི་ཁྲོན་ཞིང་ཆེན་ཇ་ལོ་ལས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཁྲེན་ཁའེ་དབྱི་ཡིས། གཡག་རྔ་གྲོང་ཁྱེར་གྱིས་ཀྱང་བདེ་ཐང་གསོལ་ཇའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྤུས་ཚད་དང་བདེ་འཇགས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་དུས་བཀག་ལྟར་མཉམ་འབྲེལ་གྲོས་ཚོགས་འཚོགས་ནས་ཁེ་ལས་ཀྱི་ཐོན་སྐྱེད་བརྒྱུད་རིམ་ཁྲོད་ཀྱི་དཀའ་ངལ་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་དང་། བདེ་ཐང་ཇ་ལོ་ཉོ་སྒྲུབ་སྡེབ་སྐྱེལ་སོགས་ཀྱི་ལས་དོན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱས་ནས་བོད་རིགས་སྤུན་ཟླ་ཚོར་བདེ་ཐང་ཇ་དང་བློ་བདེའི་ཇ་མཁོ་འདོན་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
རྒྱལ་ཡོངས་ཀྱི་ཇ་ལོ་ཐོན་ཁུལ་གཙོ་བོ་ཞིག་ཡིན་པའི་ངོས་ནས། ཉེ་བའི་ལོ་ཤས་རིང་། གཡག་རྔས་རྒྱུན་སྲིང་ལྷོད་མེད་ངང་ས་ཁོངས་ཧྲིལ་པོའི་ཇ་ར་ལྗང་མདོག་འཛུགས་གཏོད་བྱས་ནས་སྐྱེ་ཁམས་སྙོམས་སྒྲིག་དང་། ཞིང་ལས་ལག་རྩལ་ལེགས་བཅོས། དངོས་ཁམས་སྔོན་འགོག་ཚོད་འཛིན། སྐྱེ་དངོས་སྔོན་འགོག་ཚོད་འཛིན་སོགས་ཀྱི་ཕྱོགས་བསྡུས་ལྗང་མདོག་སྔོན་འགོག་ཚོད་འཛིན་ལག་རྩལ་ཁྱབ་གདལ་བེད་སྤྱོད་ཤུགས་ཆེན་དང་། ཆེད་ལས་ཅན་གྱི་མཉམ་འགོག་མཉམ་བཅོས་དང་ལྗང་མདོག་སྔོན་འགོག་ཚོད་འཛིན་ཟུང་འབྲེལ་ལ་སྐུལ་འདེད་བཏང་བས། རྟེན་གཞིའི་ས་ཁོངས་ཧྲིལ་པོ་ལྗང་མདོག་ཅན་མངོན་འགྱུར་བྱུང་ནས་རྒྱལ་ཡོངས་ཀྱི་ལྗང་མདོག་བཟའ་བཅའི་མ་བཅོས་རྒྱུ་ཆའི(ཇ་ལོ)ཚད་ལྡན་ཅན་ཐོན་སྐྱེད་རྟེན་གཞི་དང་རྒྱལ་ཁབ་རིམ་པའི་ལྗང་མདོག་སྐྱེ་ལྡན་ཞིང་ལས་དཔེ་སྟོན་ཁུལ་བསྐྲུན་ཐུབ་པ་མ་ཟད། ད་དུང“གཡག་རྔའི་བོད་ཇ”དང“གཡག་རྔའི་ལྷོ་ལམ་མཐའ་ཇ”སོགས་ས་ཁམས་མཚོན་རྟགས་ར་སྤྲོད་ཚོང་རྟགས་ཀྱང་སྔ་རྗེས་སུ་རེ་ཞུ་ཐུབ་ཡོད། 2023ལོའི་ལོ་མཇུག་བར། གཡག་རྔ་གྲོང་ཁྱེར་ཡོངས་ཀྱི་ཇ་རའི་རྒྱ་ཁྱོན་མུའུ་ཁྲི་100.55ཟིན་ནས་ཇ་ལོའི་ཐོན་འབབ་ཏུན་ཁྲི་11.92ཟིན་པ་དང་། དེའི་ནང་ཇ་ནག་སིལ་སྐམ་ཐོན་ཚད་ཏུན་ཁྲི་3.59དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་13.87ཟིན་ཡོད་པ་རེད།
དབྱང་ཁྲུན་མེ་ཡིས། བོད་ཇ་ཁྱབ་གདལ་སྔར་བས་ཡག་པོ་གཏོང་ཆེད། ཇ་ལོའི་སྤུས་ཚད་ལེགས་སུ་བཏང་བའི་རྨང་གཞིའི་ཐོག་དེང་སྐབས་གྲོང་ཁྱེར་བའི་དགའ་ཕྱོགས་ལྟར་བོད་ཇའི་ཉིང་ཁུ་དང་བོད་ཇ་ཐུམ་སྒྲིལ་མ་སོགས་ཐོན་རྫས་རབ་དང་རིམ་པ་ཞིབ་བཟོ་བྱས་པར་འགྲེམས་ཚོགས་དང་དངོས་མང་སྟོན་ཚོགས་སྣ་ཚོགས་བརྒྱུད་ཚོང་པ་མང་པོའི་དོ་ཁུར་ཐོབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། གཡག་རྔ་གྲོང་ཁྱེར་ཡུས་ཁྲེང་ཆུས་ཚའོ་པཱ་གྲོང་རྡལ་གྱི་ས་བབ་མཐོ་ཚད་ལ་སྨི་1000ཡས་མས་ཟིན་པའི་ཇ་རར་ཇ་སྡོང་མང་པོ་སྐྱེས་འདུག ལོ་63ལ་སླེབས་པའི་ཇ་ལོ་འདེབས་མཁན་དབན་ཙེ་ཆང་ཉིན་ལྟར་ཞོགས་པ་མུའུ་1000ལྷག་གི་ཇ་རར་ལས་ལ་བྲེལ་བཞིན་མཆིས།
བོད་ལྗོངས་ཉིན་རེའི་ཚགས་པར་དང་སི་ཁྲོན་ཉིན་རེའི་ཚགས་པར་གྱི་ཁྲོན་བོད་ལམ་ཐིག་མཉམ་འབྲེལ་འཕྲིན་སྤེལ་ཚོགས་ཆུང་གིས།