དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་སྤུ་ཧྲེང་རྫོང་གི་ལོ་ངོ་སྟོང་གི་གྲོང་ཚོར་འཕོ་འགྱུར་ཆེན་པོ་བྱུང་བ།

    གློག་དྲ་སྦྲེལ་བས་གློག་བརྟན་ལ་མང་ཚོགས་ཀྱི་སྐྱིད་སྣང་དོད་དུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཆུང་བདག་སྒྲོལ་དཀར།   |     སྤེལ་དུས།  2024-12-15

    འཁོར་ཆགས་གྲོང་ཚོ་ནི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དུ་གནས་ཤིང་མཐའ་མཚམས་ཀྱི་རིམ་པ་དང་པོའི་རང་བྱུང་གྲོང་ཚོ་ཞིག་རེད། དེ་ནེ་པ་ལའི་ཡུས་ས་གྲོང་ཚོ་དང་ཆུ་བོ་གཅིག་གིས་བར་ཆོད་དེ་ཆུ་ཞེང་ལ་སྨི་4ལས་ཟིན་གྱི་མེད། “འཁོར་ཆགས་གྲོང་ཚོར་ལོ་ངོ་1400ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། དེ་ནི་འཁོར་ཆགས་དགོན་དབུས་སུ་བྱས་ནས་མཐའ་སྐོར་དུ་ཡུལ་མིའི་ཁྱིམ་གཞིས་ཆགས་པ་ཞིག་རེད”ཅེས་འཁོར་ཆགས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་རྒྱ་མཚོས་བཤད་ཅིང་། ཁོང་གིས་མིག་སྔར་འཁོར་ཆགས་གྲོང་ཚོར་རླུང་འཕྲིན་དང་། བརྙན་འཕྲིན། གློག་འཕྲིན། སྒུལ་བདེ་བཅས་ཀྱི་བརྡ་རྟགས་ཁེབས་ཚད་100%ཟིན་ལ། གྲོང་གསེབ་ཏུ་ཆུ་དང་གློག་ཡོངས་སུ་ཁྲིད་ཐུབ་པ་བྱུང་བ་མ་ཟད། ཞིང་འབྲོག་པ་མཉམ་ལས་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་100%ཡང་ཟིན་ཡོད་ཅེས་ངོ་སྤྲོད་བྱས།

    སྨི་ངོས་གྲུ་20ཙམ་ཟིན་པའི་ཁང་པ་ཞིག་ནང་། བཏགས་ཟིན་པའི་རྩམ་པ་སྤུས་ལེགས་སྤུངས་ནས་བཞག་ཡོད། “འདིར་འཁོར་ཆགས་གྲོང་ཚོ་ཨུ་ལྷན་བུད་མེད་མཉམ་ལས་ཁང་གནས་ཡུལ་རེད། སྤྱིར་བཏང་སྟོན་བསྡུ་ཚར་རྗེས་ལས་འགོ་བརྩམས་ཏེ། ནས་རྩམ་དང་། སྲན་རྩམ་ལས་སྣོན་དང་སྣུམ་འཚག་གི་ལས་ཀ་བྱེད་ཀྱི་ཡོད”ཅེས་མཉམ་ལས་ཁང་གི་འགན་འཁུར་བ་བསྟན་འཛིན་མས་བཤད་པ་དང་། ཁོང་གིས་འཁོར་ཆགས་བུད་མེད་མཉམ་ལས་ཁང་བཙུགས་པ་དེས་ཁྱིམ་དུ་ལས་མེད་དུ་སྡོད་པའི་བུད་མེད་ཀྱི་ལས་ཞུགས་ཐག་གཅོད་ཐུབ་ནས་མཉམ་ལས་ཁང་ལ་ལོར་ཁེ་སྤོགས་སྒོར་ཁྲི་བཅུ་གྲངས་ཁ་ཤས་རག་པ་དང་བུད་མེད་50ལྷག་ཙམ་ལ་འབབ་འཕར་སྣེ་ཁྲིད་ཐུབ་ཡོད་ཅེས་བཤད།

    2020ལོའི་གོང་། སྤུ་ཧྲེང་རྫོང་གིས་གློག་ཁང་ཆུང་ངུ་གཉིས་ལ་བརྟེན་ནས་གློག་གཏོང་གི་ཡོད། དགུན་ཁར་ཡུར་བུར་དར་ཆགས་པས་གློག་ཡང་སེ་ཆད་པ་ནི་རྒྱུན་གཏན་ཞིག་ཡིན་མོད། ལོ་བཞིའི་གོང་། མངའ་རིས་དང་བོད་དབུས་གློག་དྲ་སྦྲེལ་བའི་ལས་གྲྭ་དངོས་སུ་སྤྱོད་འགོ་ཚུགས་པ་དང་མངའ་རིས་རྒྱལ་ཡོངས་ཀྱི་གློག་དྲ་དང་སྦྲེལ་ཐུབ་ཚུན། འཁོར་ཆགས་གྲོང་ཚོའི་མང་ཚོགས་ལ་གློག་དྲ་བརྟན་པོ་ཞིག་བྱུང་ཡོད།

    “སྔོན་མ་བུ་བཅོལ་ཁང་དུ་བརྙན་ལམ་ཞིག་སྟོན་དགོས་བསམས་ཀྱང་གློག་ཡང་སེ་ཆད་སྟབས་སྟོན་ཐབས་བྲལ། ད་ཆ་སློབ་ཚན་གྲོལ་རྗེས་སྒོ་རའི་ནང་བྱིས་གླུ་དང་རླུང་འཕྲིན་གཏོང་རྒྱུ་ཡོད་ལ། ད་དུང་ཕྲུ་གུ་ཚོས་དྲ་རྒྱ་ནས་ཕྱིའི་གནས་ཚུལ་བལྟ་ཐུབ་ཀྱི་ཡོད”ཅེས་འཁོར་ཆགས་གྲོང་ཚོའི་བུ་བཅོལ་ཁང་གི་འགོ་འཛིན་དགེ་རྒན་ལྷག་པ་མཚམས་གཅོད་ཀྱིས་བཤད།

    འཁོར་ཆགས་གྲོང་ཚོའི་ཡུལ་སྐོར་ཐོན་ཁུངས་སྣ་ཁ་འཛོམས་པས་ལོ་ལྟར་ཡུལ་སྐོར་དུ་ཡོང་མཁན་མང་བས་ཡུལ་མི་ཁག་གཅིག་གིས་སྔོན་ནས་ཁྱིམ་ཚང་མགྲོན་ཁང་བཙུགས་པས་ཡུལ་སྐོར་གྱི་ཡོང་འབབ་གསོག་ཐུབ་ཡོད། “ངའི་ཁྱིམ་ཚང་མགྲོན་ཁང་ལ་ཉལ་ཁྲི་35ཡོད། གྲོང་ཚོར་གློག་དྲ་སྦྲེལ་རྗེས་ཁང་མིག་ཚང་མར་ཆུ་ཚ་པོ་མཁོ་འདོན་དང་སྐུད་མེད་དྲ་རྒྱ་སྒྲིག་སྦྱོར་བྱས་པས་ཡུལ་སྐོར་བ་འོང་མཁན་ཇེ་མང་དུ་འགྲོ་གི་འདུག”ཅེས་ལོ་58ལ་སླེབས་པའི་ཡུལ་མི་འཇམ་དབྱངས་ཀྱིས་དགའ་སྤྲོའི་ངང་བཤད་ཅིང་། ཁོང་གིས་ང་རང་ལོ་ན་གཞོན་པའི་སྐབས་འགྲུལ་སྐྱེལ་རླངས་འཁོར་བཏང་བ་དང་། ད་ཆ་ཡང་ཁྱིམ་ཚང་མགྲོན་ཁང་བཙུགས་པས་ད་ལོར་ཡོང་འབབ་སྒོར་ཁྲི་5ཙམ་འདུག་ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི་གཏོང་ཆ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་སྦྲགས། འཁོར་ཆགས་གྲོང་ཚོར་སྣུམ་ནག་ལམ་བཏིང་བ་དང་། ཆུ་ཀ་ལ་ཁྲིད་པ། སྐད་གཉིས་བུ་བཅོལ་ཁང་དང་སྨན་དོན་ཁང་གསར་དུ་བརྒྱབ་པ་མ་ཟད། ཆུ་གློག་ལམ་དང་འཕྲིན་གཏོང་དྲ་རྒྱ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་སྤྱིར་ན་འཐུས་སྒོ་ཚང་པོ་ཡོད།

    གྲོང་ཚོའི་ཁམས་གཙང་ཞིང་གྲལ་སྟར་འགྲིག་པའི་ཁྲོམ་གཞུང་དུ་སྐྱོད་སྐབས། ལམ་གྱི་གཡས་གཡོན་གཉིས་ཀར་སྒོ་ར་ཡོད་པའི་བོད་ཁང་སྟར་པ་བྱས་ནས་བརྒྱབ་འདུག་ལ། སྒོ་ཁར་དགུན་ཁ་ཉི་མ་སྲོ་མཁན་རྒན་རྒོན་གྱི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར། རྒད་པོ་བྱམས་པད་མས“ང་ཚོའི་འཚོ་བ་དངོས་གནས་སྐྱིད་པོ་འདུག”ཅེས་བཤད།

    གྲོང་ཚོའི་ན་གཞོན་ཕལ་མོ་ཆེ་ཨར་སྐྲུན་རུ་ཁག་དང་བོད་སྤོས་འཁོར་ཁང་ལ་ལས་ཀར་འགྲོ་གི་ཡོད། རྒྱ་མཚོས་2023ལོར་འཁོར་ཆགས་གྲོང་ཚོའི་ཡུལ་མི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་1.8ལྷག་ཟིན་ཡོད་ཅེས་ངོ་སྤྲོད་བྱས།

    (《མི་དམངས་ཉིན་རེའི་ཚགས་པར་གྱི་ཕྱི་རྒྱལ་པར་མའི》2024ལོའི་ཟླ་11ཚེས་28ཉིན་གྱི་པར་ངོས་བཅུ་པ་ནས་བརྒྱུད་བཀོད་བྱས)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།