མེ་ཏོག་དང་རྩི་ཤིང་གི་དྲི་ཞིམ་རི་ཀླུང་གང་སར་འཐུལ།
—— རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་རྩི་ཤིང་གྲུབ་ཚུལ་གསོ་སྤེལ་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཉི་སྒྲོན་གྱི་སྐོར་བཀོད་པ།
1994ལོར་ཉི་སྒྲོན་ནུབ་བྱང་དགེ་འོས་སློབ་ཆེན་སྐྱེ་དངོས་སློབ་གསོའི་ཆེད་ལས་ནས་ཐོན་ཞིང་། སློབ་གྲྭ་ཐོན་པ་ནས་ད་བར། རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་རུ་ལས་ཀར་གཞོལ། ལས་ཀར་ཞུགས་མ་ཐག་པའི་སྐབས་སུ་ལྷ་སའི་ཁྲོམ་རར་ཕྱིར་ཚོང་བྱེད་བཞིན་པའི་མེ་ཏོག་སོས་པ་དག་ཐག་རིང་ནས་དབོར་འདྲེན་བྱེད་དགོས་པས་རིན་གོང་མཐོ་བ་མ་ཟད། མེ་ཏོག་བཞད་ཡུན་ཡང་རིང་པོ་མེད་པའི་གནས་ཚུལ་ཉི་སྒྲོན་གྱིས་ཤེས། མེ་ཏོག་གི་མཛེས་ཉམས་དང་དྲི་ཞིམ་ཡུན་རིང་གནས་ཐུབ་པར་བྱ་རྒྱུ་དེ་རྩི་ཤིང་གྲུབ་ཚུལ་གསོ་སྤེལ་དང་ཞིབ་འཇུག་ལས་ལ་གཞོལ་བཞིན་པའི་ཉི་སྒྲོན་གྱི་ཐོག་མའི་བསམ་འདུན་དུ་གྱུར།
ཉི་སྒྲོན་དང་ཁོང་གི་ཚོགས་པས་ཐོག་མར་གང་སར་མཐོང་རྒྱུ་ཡོད་པའི་ཨ་ཧྥེ་རི་ཁའི་ལུག་མིག་མེ་ཏོག་བདམས། ཨ་ཧྥེ་རི་ཁའི་ལུག་མིག་མེ་ཏོག་ནི་ལོ་མང་སྐྱེ་འཚར་གྱི་རྩྭ་རིགས་སྐྱེ་དངོས་ཀྱི་ཁོངས་སུ་གཏོགས་ཤིང་། མེ་ཏོག་ཆེ་ཞིང་མཛེས་ལ་དྲི་ཞིམ་པས་ཁང་པའི་ནང་མཛེས་རྒྱན་སྤྲོས་རྒྱུར་ཧ་ཅང་འཚམ་པོ་ཡོད། ཨ་ཧྥེ་རི་ཁའི་ལུག་མིག་མེ་ཏོག་གི་ཐོན་སྐྱེད་ཀྱི་ཕན་འབྲས་དང་སྤུས་ཚད་མཐོ་རུ་གཏོང་ཆེད། ཉི་སྒྲོན་དང་ཁོང་གི་ཚོགས་པས་ས་རྒྱུར་དབྱེ་ཞིབ་དང་ལེགས་བཅོས་ཀྱི་ལས་དོན་གཏིང་ཟབ་སྤེལ་ཏེ་ཡུལ་དེ་གའི་ས་རྒྱུའི་མ་དཔེ་འཚོལ་བསྡུ་བྱས་ཤིང་། ཚན་རིག་དང་མཐུན་པའི་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད། སྐྱེ་ལྡན་རྫས་བཅུད་ཕུན་སུམ་ཚོགས་པའི་ས་རྒྱུ་སྤྱད་ནས་ལུག་མིག་མེ་ཏོག་སྐྱེ་འཚར་ཡོང་རྒྱུར་འོས་ཤིང་འཚམ་པའི“དྲོད་ཁང”བསྐྲུན་ཡོད། དེ་དང་ཆབས་ཅིག དྲོད་ཁང་གི་དྲོད་ཚད་དང་བརླན་ཚད་སྙོམས་སྒྲིག་དང་། ལུག་མིག་མེ་ཏོག་བོད་དུ་སྐྱེ་འཚར་ཡོང་བར་མཁོ་བའི་ཆུ་དང་ལུད་སྙོམས་སྒྲིག་གནད་འཁེལ། ལུག་མིག་མེ་ཏོག་རྐང་རེ་རེར་ཆུ་དང་འཚོ་བཅུད་འགན་ལེན་བཅས་བྱས་ཏེ། ལུག་མིག་མེ་ཏོག་སྐྱེ་འཚར་ཡག་པོ་ཡོང་བར་སྐུལ་འདེད་བཏང་ཡོད། ལུག་མིག་མེ་ཏོག་ཡུལ་དེ་རང་དུ་འདེབས་གསོ་ལེགས་གྲུབ་བྱུང་རྗེས་ཉི་སྒྲོན་དང་ཁོང་གི་ཚོགས་པས་ལུག་མཉེ་མེ་ཏོག་དང་མངར་འབྲས་མེ་ཏོག་སོགས་ས་མཐོའི་གནམ་གཤིས་དང་འཚམ་པའི་མེ་ཏོག་སྣ་ཁ་འགར་རྟོག་ཞིབ་བྱས་པ་དང་འབྲེལ། མེ་ཏོག་དེ་དག་ཡུལ་དེ་རང་དུ་འདེབས་གསོ་བྱས་ཏེ་བོད་ཀྱི་མེ་ཏོག་ཁྲོམ་རར་འདོན་རྒྱུར་སྐུལ་འདེད་བཏང་ཡོད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་བོད་ལུགས་གསོ་རིག་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སོང་བ་དང་ཆབས་ཅིག ཁྲོམ་རར་བོད་ལུགས་གསོ་རིག་གི་སྨན་རྩྭའི་དགོས་མཁོ་ཆེ་རུ་སོང་མོད། འོན་ཀྱང་རི་སྐྱེས་བོད་སྨན་རྩི་ཤིང་གི་གྲངས་འབོར་ཉུང་བ་དང་། སྐྱེ་འཚར་གྱི་དུས་ཡུན་རིང་བའི་ཁར་སྨན་རྩྭ་མང་པོ་ཞིག་རི་མཐོ་གཡང་གཟར་དུ་སྐྱེ་གི་ཡོད་པས་འཐུ་ཁག་པོ་ཡོད། ལ་ལ་ནི་རྒྱལ་ཁབ་ཀྱི་སྲུང་སྐྱོང་རྩི་ཤིང་ཡིན་པས་ཚད་ཡོད་ཀྱི་རི་སྐྱེས་ཐོན་ཁུངས་ཀྱིས་ཁྲོམ་རའི་དགོས་མཁོ་སྐོང་ཐབས་བྲལ།
ཉི་སྒྲོན་གྱིས་གསར་འགོད་པར་མེ་ཏོག་སོས་པ་འདེབས་གསོ་བྱེད་པ་དང་མི་འདྲ་བར། བོད་སྨན་རྩི་ཤིང་འདེབས་གསོ་བྱེད་པར་སྤུས་ཀ་དག་པ་དང་། སྐྱོན་དང་བྲལ་བ། ནད་འབུའི་གནོད་འཚེ་མེད་པ་བཅས་ཀྱི་ས་བོན་ནམ་ཡང་ན་སྡོང་རྐང་འདེབས་གསོ་བྱེད་པ་ནས་འགོ་འཛུགས་དགོས། དེའི་ཕྱིར་ངས་ཚོགས་པའི་ཁོངས་མིའི་སྣེ་ཁྲིད་དེ་ལ་ཀླུང་མང་པོ་བརྒལ་ནས་བོད་སྨན་རྩི་ཤིང་སྐྱེ་ཁུལ་དུ་ཚོད་ལྟའི་རྒྱུ་ཆ་འཚོལ་བསྡུ་བྱེད་ཀྱི་ཡོད་ཅེས་བཤད།
ཚན་ཞིབ་ལས་དོན་པ་ཞིག་ཡིན་པའི་ཉི་སྒྲོན་ལ་ད་ཆ་ཐོབ་ཐང་གསར་པ་ཞིག་ཡོད་པ་ནི་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡིན་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོར་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པའི་བརྩེ་སེམས་མཐའ་འཁྱོངས་བྱས་ཏེ། བྱ་གཞག་སེམས་ནང་འཇོག་པ་དང་འགན་འཁྲི་ཕྲག་ཏུ་ཁུར་ནས་ཨུ་ཡོན་གྱི་འགན་འཁྲི་ནན་ཏན་ངང་སྒྲུབ་དགོས་པའི་ནན་བཤད་གནང་ཡོད། སྲིད་གྲོས་ཀྱི་ཨུ་ཡོན་བྱས་ཚུན་ཉི་སྒྲོན་ལ་འགན་འཁྲི་དང་ལས་འགན་ཤིན་ཏུ་ལྕི་བའི་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས་རང་ཉིད་ཀྱི་ཆེད་ལས་དང་ཟུང་འབྲེལ་བྱས་ནས་མེ་ཏོག་གི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་དང་བོད་ཀྱི་སྣ་མའི་ཚན་རྩི་ཤིང་སྲུང་སྐྱོང་སོགས་ཀྱི་གྲོས་གཞི་མང་པོ་བཏོན་ཡོད། གྲོས་གཞི་དེ་དག་གིས་ཞིབ་ཅིང་ཕྲ་བའམ་ཡང་ན་རྩེ་རིམ་ཇུས་འགོད་ཀྱི་ཟུར་ཚད་ནས་སྤྱི་ཚོགས་ཡོངས་ལ་རྩ་ཆེའི་རི་སྐྱེས་རྩི་ཤིང་ལ་སྲུང་སྐྱོང་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུའི་འབོད་སྐུལ་བྱས་ཡོད། མིག་སྔར་འབྲེལ་ཡོད་སྡེ་ཚན་གྱི་མཐོང་ཆེན་འོག་ཐག་གཅོད་བྱེད་བཞིན་ཡོད་པ་རེད།
“སྲིད་གྲོས་ཨུ་ཡོན་ནི་ཚོགས་འདུར་ཞུགས་ནས་ལག་པ་རྐྱོང་ཙམ་བྱེད་མཁན་ཞིག་མ་ཡིན་པར། ཡུལ་བབ་དམངས་འདུན་ལ་དོ་སྣང་ཡག་པོ་བྱས་ཏེ་མི་སེར་གྱི་བྱ་བ་དངོས་སྒྲུབ་ནས་ཁོ་ཚོའི་དཀའ་གནད་སེལ་དགོས། སླད་ཕྱིན་ངས་རང་འཁྲིའི་ལས་འགན་དང་སྲིད་གྲོས་ཨུ་ཡོན་གྱིས་འཁུར་དགོས་པའི་འགན་འཁྲི་གཉིས་སྔར་བས་ཟུང་འབྲེལ་དམ་ཟབ་བྱས་ཏེ། རྩ་ཆེའི་རི་སྐྱེས་བོད་སྨན་རྩི་ཤིང་དེ་བས་མང་བ་མི་ཐབས་ལ་བརྟེན་ནས་འདེབས་གསོ་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན”ཞེས་ཉི་སྒྲོན་གྱིས་མྱོང་ཚོར་ཟབ་མོས་གསར་འགོད་པར་བཤད།