“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”རིམ་སྤེལ་ཇུས་འགོད།
ཡར་ཀླུང་བོད་མིའི་འབྱུང་ཁུངས། ངོ་མཚར་ཆེ་བའི་གནས་མཆོག
2024ལོའི“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”བྱེད་སྒོ་སྤེལ་རིང་། ལྷོ་ཁ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་ལྷོ་ཁའི་དགུན་དུས་ཡུལ་སྐོར་གྱི་ལམ་ཐིག་དང་ཐོན་རྫས་བཏོན་པའི་ནང་། གངས་རི་འཛེག་པ་དང་། འཁྱག་རོམ་དུ་རྐང་ཐང་མར་འགྲོ་བ། ཆུ་ཚན་ལུས་གསོ། དམངས་སྲོལ་ཉམས་ལེན་སོགས་ཚུད་ཡོད། དེས་བོད་ཀྱི་མི་ཆོས་རིག་གནས་དང་མཛེས་ལྗོངས་ལ་དགའ་པོ་ཡོད་པའི་ཡུལ་སྐོར་བ་ཚོར་གོང་ཁེ་བློ་ལ་བབས་པའི་ཡུལ་སྐོར་གྱི་དགའ་སྟོན་གཟབ་རྒྱས་ཤིག་བཤམས་པ་མ་ཟད། ཁོང་ཚོར་རང་བྱུང་ཁམས་སུ་བསྐྱོད་པ་དང་ལོ་རྒྱུས་རིག་གནས་ལ་ཤེས་རྟོགས་ཟབ་མོ་བྱེད་པའི་ངོ་མཚར་ཆེ་བའི་འགྲུལ་བཞུད་ཅིག་དེ་བས་ཀྱང་བཏོད་ཡོད།
དགུན་དུས་གཡུ་ཡི་གཞོང་པ་ལྟ་བུའི་ཡར་འབྲོག་གཡུ་མཚོ་འདྲེན་བྱེད་ལམ་དུ་ལྷག་པར་མཛེས་ཤིང་། མཐོ་དམན་མི་གཅིག་པའི་མཐིང་མདོག་གི་རླབས་རྒྱུན་ལས་ལྟ་བས་མི་ངོམས་པའི་ཉམས་འགྱུར་ཞིག་མངོན་འོང་། ཁ་བའི་འདབ་མས་བཀླུབས་པའི་ལེགས་པོ་རོང་དུ་ཚང་ཚིང་ནགས་ཚལ་དེ་བས་སྔོ་མདངས་རྒྱས་ཤིང་། འབབ་ཆུ་དག་འཁྱག་རོམ་གྱི་མལ་དུ་བཞུགས་པའི་ངང་ཚུལ་ནི་རང་བྱུང་ཁམས་ཀྱི་བཟོ་བོ་མཁས་པའི་སོར་རྩེའི་རྩལ་ལས་འཁྲུངས་པ་དང་གཉིས་སུ་མ་མཆིས། སྐུ་ལྷ་མཁའ་རི་དང་དེའི་ཉེ་འཁོར་གྱི་འབྲི་གུང་གསུམ་མཚོ་དང་བྱེའུ་ཆུང་མཚོ་སོགས་ས་མཐོའི་མཚོ་མོ་མང་དག་ཅིག་གངས་རིའི་མུ་ཁྱུད་དང་གཅིག་ལ་བརྒྱན་གྱི་ཚུལ་དུ་གནས་ཏེ་གངས་འཁྱག་གིས་བཏུམས་པའི་བྱིས་སྒྲུང་གི་ཞིང་ཁམས་དང་ཀུན་ནས་མཚུངས།
བོད་ཀྱི་ལོ་རྒྱུས་ཐོག་གི་ཕོ་བྲང་དང་པོ་ཡུམ་བུ་བརླ་མཁར་གྱིས་ས་མཐོའི་ཤེས་དཔལ་དར་རྒུད་དང་འཕེལ་རིམ་ལ་བདེན་དཔང་བྱེད་པ་འདྲ་ལ། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གིས་གང་དེའི་ཐུན་མིན་གྱི་འཛུགས་སྐྲུན་ཁྱད་ཆོས་ལ་བརྟེན་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་བརྗོད་པར་སྤྲོ་ཞིང་། བྲག་དམར་མགྲིན་བཟང་གི་རྗེས་ཤུལ་ལས་གྱིམ་ཤིང་ཀོང་ཇོ་བོད་དུ་ཕེབས་པའི་གཏམ་བཟང་གྲགས་བཞིན་མཆིས། སྤྱི་ལོའི་དུས་རབས་7པའི་ནང་བསྐྲུན་པའི་ཁྲ་འབྲུག་གཙུག་ལག་ཁང་ནི་རྒྱལ་ཁབ་ཀྱི་Aབཞི་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡིན་ཞིང་། 1961ལོར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་གཏན་འཁེལ་བྱས་པ་དང་དེའི་རྩ་ཆེ་ལ་ཕུན་སུམ་ཚོགས་པའི་རིག་དངོས་ལས་སྐྱེ་བོ་ཀུན་ལ་སྒོ་དབྱེ་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ས་མཐོའི་ཤེས་དཔལ་གྱི་ལོ་རྒྱུས་ཤིག་མངོན་བཞིན་མཆིས།