འཕྱོངས་རྒྱས་རྫོང་དཔལ་རི་སྡེ་ཁུལ་གྱིས།
ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་བརྟེན་ནས་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་རྒྱ་ཆེར་བཏང་བ།
འདི་ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་དཔལ་རི་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི“ཐོན་སྐྱེད་ཚབ་གཉེར”གྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བ་དང་། “ཞིང་ལས་ཐོན་སྐྱེད་ཚབ་གཉེར་ཆེན་པོ”དོན་འཁྱོལ་གཏིང་ཟབ་བྱེད་པ། “ཤུགས་སྣོན་གསུམ་དང་སྐུལ་འདེད་གསུམ”གྱི་ལས་དོན་སྤེལ་སྟངས་ལ་བརྟེན་ནས་གཞི་རིམ་ཏང་འཛུགས་སྐྱོང་དང་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་གཉིས་ཕན་ཚུན་སྐུལ་འདེད་དང་གཉིས་ཁེ་ཡོང་བའི་ཐབས་ལམ་གསར་པ་བཏོད་དེ། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།
རྩ་འཛུགས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་གཅིག་གྱུར་དམ་འཛིན་གྱི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཞིང་། དཔལ་རི་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་བརྟེན་ནས“ཞིང་ལས་ཐོན་སྐྱེད་ཚབ་གཉེར་ཆེན་པོའི”ལས་དོན་འགོ་ཁྲིད་ཚོགས་ཆུང་ཆེད་མངགས་བཙུགས་ཏེ་ལས་ཀའི་ལས་འགན་དང་སྐུལ་འདེད་བྱེད་ཐབས་ཁ་གསལ་བཟོས་ནས“ཚབ་གཉེར་ཆེན་པོའི”ལས་དོན་གྱི་རྩ་འཛུགས་ཀྱི་འགོ་ཁྲིད་དང་། སྤྱི་འདོམས་མཐུན་སྦྱོར། དེ་བཞིན་ལྟ་སྐུལ་མཛུབ་ཁྲིད་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ་རེད། 2024ལོར་ས་ཞིང་ཚབ་གཉེར་རྒྱ་ཁྱོན་མུའུ་1000ཙམ་ལེགས་གྲུབ་ཟིན་པ་དེས་སྡེ་ཁུལ་ཡོངས་ཀྱི་རྨོ་ཞིང་རྒྱ་ཁྱོན་གྱི་53%བཟུང་ཡོད་པ་རེད།
དྲིལ་བསྒྲགས་དང་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སྲིད་ཇུས་གསལ་འགྲེལ་བྱེད་ཤུགས་ཆེ་རུ་བཏང་ཞིང་། དཔལ་རི་སྡེ་ཁུལ་གྱིས་ཏང་ཀྲི་པུའི“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་གྲོང་མིའི་འཐུས་ཚོགས་སོགས་བེད་སྤྱོད་གང་ལེགས་བྱས་ནས་ཞིང་ལས་ཐོན་སྐྱེད་ཀྱི་སྔོན་ཐོན་ལག་རྩལ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། རྫོང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་སྡེ་ཁུལ་དུ་ཆེད་དོན་མཛུབ་ཁྲིད་ལ་གདན་དྲངས་ནས“ཚབ་གཉེར་ཆེན་པོའི”བྱེད་ཐབས་བཟང་པོ་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་འཚོལ་ཞིབ་དང་ཕྱོགས་སྡོམ་བྱས་པ་རེད།
རྨང་གཞི་སྲ་བརྟན་དུ་གཏོང་ཤུགས་ཆེ་རུ་བཏང་ནས་རྨང་གཞི་བརྟན་དུ་གཏོང་བ་དང་ནུས་པ་ཆེ་རུ་གཏོང་བའི་འཕེལ་རིམ་ལ་རམ་འདེགས་བྱས་ཤིང་། དཔལ་རི་སྡེ་ཁུལ་གྱིས་འཕྱོངས་རྒྱས་ཧུད་ཧྲེང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཚད་ཡོད་འགན་འཁྲི་ཀུང་སིའི“ཞིང་ལས་ཚབ་གཉེར་ཞབས་ཞུའི་ས་ཚིགས”ཀྱི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ“ཏང་འཛུགས་སྐྱོང་དང་། ཀུང་སི། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་ཚབ་གཉེར་ཞབས་ཞུ་བྱེད་སྟངས་བརྒྱུད། ཏང་ཡོན་གྱི་དུད་སྦྲེལ་ལམ་སྲོལ་དོན་འཁྱོལ་གཏིང་ཟབ་བྱས་ནས“གྲོང་སྡོད་ལས་དོན་རུ་ཁག་དང་། སྡེ་ཁུལ་གྱི‘ཨུ་ལྷན་གཉིས’ ཏང་ཡོན་གྱི་འཐུས་མི་བཅས་ཀྱིས་གཙོས་པའི”“ཚབ་གཉེར་ཆེན་པོའི”ལས་དོན་རུ་ཁག་བཙུགས་ཏེ། “སུས་ས་ཞིང་འདེབས་པ་དང་། ས་ཞིང་ཇི་ལྟར་འདེབས་པའི”དཀའ་གནད་ཐག་གཅོད་ནུས་ལྡན་བྱས་ནས་ཞིང་དུད་ཆུང་ངུ་དེང་རབས་ཅན་གྱི་ཞིང་ལས་ཆེན་པོའི་ནང་མཉམ་འདྲེས་ཐུབ་པར་སྐུལ་འདེད་ཏན་ཏིག་བཏང་བ་རེད།