དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་མཐོའི་ཚོང་འདུས་ཆེན་པོར་ཁྱད་ཆོས་གསར་པ་ལྡན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-13

    ཟླ་12ཚེས་1ཉིན་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་ལོ་གཅིག་དུས་གཅིག་གི“སྦྲ་གུར་ཚོང་འདུས་ཆེན་པོ”སྟེ། དུས་ཡུན་གཟའ་འཁོར་གཅིག་གི་ཡར་ཀླུང་ཚོང་འདུས་འགོ་ཚུགས་པ་རེད། འདི་ལོ་ནི་ཚོང་འདུས་འཚོགས་ནས་ལོ་44འཁོར་བའི་ལོ་ཞིག་ཡིན་ཞིང་། སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་བྱུང་ནས་ས་མཐོའི་ཚོང་འདུས་ལ་ཁྱད་ཆོས་གསར་པ་ལྡན་ཡོད།

    ལོ་ཆུང་རིའི་ཉོ་ཚོང་ཁྲོམ་རའི་ནང་ཁྲོམ་བཀྱག་རིམ་པ་སྟར་དུ་ཆགས་པ་དང་ཚོང་ཟོག་འདྲ་མིན་སྣ་ཚོགས་ཡོད་པ་སྟེ། མཚོ་སྨད་ཀྱི་ཚགས་ཤ་དང་ལུག་ཤ་དང་། རྒྱ་ཚའི་ཤིང་ཕོར། གྲ་ནང་གི་སྣམ་བུ། གོང་དཀར་གྱི་ཚེ་རིང་སྐྱིན་ཁེབས། ལྷུན་རྩེའི་རྩམ་པ་ནག་པོ་སོགས་ལྷོ་ཁ་གྲོང་ཁྱེར་གྱི་རྫོང(གྲོང་ཁྱེར་དང་ཆུས)12ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་བྱས་པར་ས་མཐོའི་དམིགས་བསལ་ཁྱད་ཆོས་ལྡན་པའི་བརྒྱ་ཟོག་ཚོང་ར་ཞིག་ཆགས་ཡོད།

    ཚགས་ཤ་ལུག་ཤ་ཚོང་ཁུལ་ནི་སྔར་ནས་བཟུང་ཚོང་འདུས་ཀྱི་འགྲེམས་གནས་ཡག་ཤོས་ཡིན་པ་དང་བྲིན་ཁའང་རྒྱུག་ཤོས་རེད། ལྷོ་ཁ་གྲོང་ཁྱེར་གྱི་འབྲོག་ལས་རྫོང་ཆེན་ཞིག་ཡིན་པའི་མཚོ་སྨད་རྫོང་ནི་ཐོག་མཐའ་བར་གསུམ་དུ་འགྲེམས་ཞུགས་མི་གྲངས་མང་ཤོས་ཀྱི་རྫོང་ཞིག་རེད། མཚོ་སྨད་རྫོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་རྫོང་དཔོན་གཞོན་པ་ཕུར་བུ་བཀྲ་ཤིས་ཀྱིས“ཚོང་འདུས་ནི་ང་ཚོའི་རྫོང་གི་འབྲོག་པས་འབྲོག་ལས་ཐོན་རྫས་ཕྱིར་ཚོང་བྱེད་པའི་ལས་སྟེགས་ཆེ་ཤོས་དེ་རེད། འདི་ལོ་ཕྱིར་ཚོང་འགྲེམས་གནས་859དང་འགྲེམས་ཞུགས་འབྲོག་པ་2132ཡོད། དེར་འཁྱེར་བའི་ཚགས་ཤ་དང་ལུག་ཤའི་རིན་ཐང་སྒོར་ཁྲི་3800ལྷག་ཙམ་ཟིན་གྱི་ཡོད”ཅེས་བཤད།

    ཚོང་པས་རིན་གོང་གཅོག་པ་ཕུད་ད་དུང་སྲིད་གཞུང་ནས་ཁ་གསབ་ཀྱང་སྤྲོད་ཀྱི་ཡོད། “འདི་ལོ་འཛད་སྤྱོད་འཛིན་ཤོག་ཧབ་ཐོབ་རྒྱག་མི་དགོས་པར་ཚོང་པའི་དངུལ་བསྡུའི་ཨང་རྟགས་བཤར་འབེབས་བྱས་ནས་དངུལ་གྲངས་བླུགས་མ་ཐག་སྲིད་གཞུང་གི་འཛད་སྤྱོད་ཁ་གསབ་ཐད་ཀར་འཐེན་འཕྲི་བྱེད་ཀྱི་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་ཆུང་ཆུང་གིས་བཤད། 

    ལྷོ་ཁ་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཅུས་ཀྲང་ལི་ཧའོ་ལུའུ་ཡིས་ངོ་སྤྲོད་བྱས་དོན། འཛད་སྤྱོད་ལ་སྐུལ་སྤེལ་དང་ཁྲོམ་ར་འཁྲུག་ཏུ་གཏོང་ཆེད། ད་ལོའི་ཚོང་འདུས་ཀྱིས་ས་གནས་ས་ཐོག་ཏུ་འཛད་སྤྱོད་ཀྱི་ཚད་གཞི་ལོན་ཚེ་རིན་གོང་གཅོག་པའི་བྱེད་ཐབས་ལ་བརྟེན་ནས་འཛད་སྤྱོད་པར་སྲིད་གཞུང་གི་ཁ་གསབ་སྤྲད་ཡོད། དེ་ཡང“གྲོང་ཁྱེར་གྱིས་ཁ་གསབ་མ་དངུལ་སྒོར་ཁྲི་500བཏང་སྟེ་འཛད་སྤྱོད་བྱེད་ཐེངས་གཅིག་ལ་སྒོར་200ཟིན་ཚེ་འཛད་སྤྱོད་ཐེངས་གྲངས་དང་ཚོང་ཟོག་གི་སྣ་ཁའི་ཚད་བཀག་མེད་པར། འཛད་སྤྱོད་པས་ཚོང་པའི‘བོད་མིའི་འབྱུང་གནས་སྣེ་གདོང’ཞེས་པའི་དངུལ་བསྡུའི་ཨང་རྟགས་བཤར་འབེབས་བྱས་ནས་དངོས་སུ་འཛད་སྤྱོད་བྱས་པའི་དངུལ་གྲངས་བླུགས་རྗེས་མི་རེར་མཐོ་ཤོས་ལ་སྒོར་400ཡི་ཁ་གསབ་ལོངས་སྤྱོད་བྱེད་བཅུག་ཡོད”

    ས་གནས་ས་ཐོག་གི་ཉོ་ཚོང་འཁྲུག་ཆ་དོད་ལ་དྲ་ཐོག་གི་མངགས་ཐོ་རྒྱུན་ཆད་རྒྱུ་མེད། མེས་རྒྱལ་གྱི་མཐའ་མཚམས་སུ་གནས་པའི་དབང་གིས་བོད་ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་བོད་ནས་ཕྱིར་གཏོང་བྱེད་པར་དུས་ཚོད་རིང་པོ་འགོར་གྱི་ཡོད་པས་ཟོག་འགྲེམས་ཀྱི་མ་གནས་མཐོ་པོ་ཡོད། དེར་བརྟེན་ཇི་ལྟར་བྱས་ཏེ་འཇུར་མིག་གི་གནད་དོན་བསལ་ནས་འཛད་སྤྱོད་པའི་ཟོག་ཉོའི་ཉམས་ལེན་ལེགས་སུ་གཏོང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ།

    “ད་ལོ་ནི་ང་ཚོས་ཚོང་འདུས་ཀྱི་དྲ་རྒྱའི་ཐད་གཏོང་བྱེད་ཐེངས་གཉིས་པ་ཡིན། ལོ་གོང་མའི་གྲངས་གཞིར་ཕྱོགས་སྡོམ་དབྱེ་ཞིབ་བྱས་པ་བརྒྱུད། ད་ལོ་ང་ཚོས་བློ་ཁོག་ཆེན་པོས་གསར་གཏོད་བྱས་ཏེ་འཁྱག་ཉར་རླངས་འཁོར་བརྒྱུད་རིན་གོང་སྒོར་ཁྲི་1000རི་བའི་བྲིན་ཁ་རྒྱུག་པའི་ཐོན་རྫས་ཧུའུ་པེ་ཝུའུ་ཧན་གྱི་མཛོད་ཁང་དུ་སྔ་སྣུར་དུ་དབོར་བ་ཡིན། འཛད་སྤྱོད་པས་ཐད་གཏོང་ཁང་ནས་ཐོན་རྫས་མངགས་ཉོ་བྱས་མ་ཐག་མཛོད་ཁང་དེ་ནས་དངོས་ཟོག་བསྐུར་གྱི་ཡོད་པས་ཟོག་འགྲེམས་མགྱོགས་སུ་ཕྱིན་ཡོད། ང་ཚོས་ཀྱང་ཐོན་རྫས་ཕྱིར་ཚོང་གི་གནས་ཚུལ་གཞིར་བཟུང་མཛོད་ཁང་ལ་དུས་ཐོག་ཏུ་དངོས་ཟོག་ཁ་གསབ་བྱེད་ཀྱི་ཡོད”ཅེས་བོད་ལྗོངས་མའེ་ཚུང་འཚོ་བ་ཚན་རྩལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཡོན་ཧྲུའུ་ཧྥེ་ཡིས་བཤད།

    ཟོག་འགྲེམས་དུས་ཚོད་ཐུང་དུ་ཕྱིན་པ་མ་ཟད། ཟོག་འགྲེམས་མ་གནས་ལའང་ཁ་གསབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཡར་ཀླུང་ཚོང་འདུས་སྐབས་44པའི་རིང་ལྷོ་ཁ་གྲོང་ཁྱེར་གྱིས་ཟོག་འགྲེམས་ཁ་གསབ་བསྡོམས་སྒོར་ཁྲི་100བཏང་བ་དང་འཛད་སྤྱོད་པས་གློག་རྡུལ་ཚོང་དོན་གྱི་ཐད་གཏོང་ལས་སྟེགས་བརྒྱུད་ཉོས་པའི་ཚོང་འདུས་ཐོག་གི་འགྲེམས་ཞུགས་ཚོང་ཟོག་དག་ཐད་ཀར་སྦྲག་སྲིད་དང་། ཅིང་ཏུང་། ཧྲུན་ཧྥུང་སོགས་མྱུར་སྐྱེལ་གྱི་ས་གནས་ས་ཐོག་གི་ཞབས་ཞུའི་ས་ཚིགས་ནས་བསྐུར་བ་དང་སྦྲག་བསྐུར་འགྲོ་གྲོན་ཚང་མ་ཁ་གསབ་ནས་སྤྲད་ཡོད་པ་རེད།

    གྲངས་འཛིན་དུས་རབས་ཀྱི་རྒྱབ་ལྗོངས་འོག སྲོལ་རྒྱུན་གྱི་འདུ་ཚོགས་གཟབ་རྒྱས་དང་ཐད་གཏོང་ཟོག་ཚོང་མཉམ་སྤེལ་གྱིས་དྲ་ཐོག་དང་དྲ་ཕྱི་གཉིས་ནས་དུས་གཅིག་ཏུ་ཕྱིར་ཚོང་བྱས་པས། ཁྱད་ལྡན་ཐོན་རྫས་དེ་བས་མང་བ་བོད་ནས་ཕྱིར་ཚོང་ཐུབ་ཡོད།

    “ད་ཐེངས་ཀྱི་ཚོང་འདུས་ཀྱིས‘འཛད་སྤྱོད་ལ་སྐུལ་སྤེལ་དང་། ཁྲོམ་ར་འཁྲུག་ཏུ་གཏོང་བ། འབབ་འཕར་ལ་སྐུལ་འདེད་གཏོང་བ’བཅས་བརྗོད་དོན་གཙོ་བོར་བྱས་ཤིང་། ཁྱོན་འགྲེམས་གནས་2685བཀོད་སྒྲིག་བྱས་པར་རྫོང་དང་། གྲོང་ཁྱེར། ཆུས་བཅས་ཁག་གི་ཞིང་འབྲོག་པའི་ཚོང་དུད་ཕུད་ད་དུང་ནེ་པ་ལ་དང་། འབྲུག་ཡུལ། ཕ་ཁི་སི་ཐན་སོགས་རྒྱལ་ཁབ་ཀྱི་ཚོང་པ་དང་། ཐའེ་དབན་དང་། ཀོང་ཤིས། ནང་སོག་སོགས་ཀྱི་ཚོང་དུད་ཀྱང་འགྲེམས་ཚོགས་ལ་ཞུགས་ཡོད”ཅེས་ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཉི་མ་བསྟན་འཛིན་གྱིས་བཤད། ཁོང་གིས་ད་ལོ་ལྷོ་ཁ་གྲོང་ཁྱེར་གྱིས་ཆེད་སྤྱོད་མ་དངུལ་བསྡོམས་སྒོར་ཁྲི་600སྤྱི་འདོམས་བྱས་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་བ་དང་དུས་མཚུངས། “ས་གནས་ས་ཐོག་ཏུ་ཐད་གཏོང་བྱེད་པ་དང་ལྗོངས་ཕྱིར་མཛོད་ཁང་སྐྲུན་པའི”བྱེད་སྟངས་བརྒྱུད་ཐད་གཏོང་ཟོག་ཚོང་བྱས་ཏེ། ལྷོ་ཁ་གྲོང་ཁྱེར་གྱི་ཁྱད་ལྡན་ཐོན་རྫས་རྒྱལ་ཡོངས་དང་འཛམ་གླིང་ཡོངས་ལ་ཁྱབ་པར་སྐུལ་འདེད་བཏང་ཡོད་ཅེས་བཤད་པ་རེད།

    (《དཔལ་འབྱོར་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།