ལྷ་ས་གྲོང་ཁྱེར་གྱིས་ས་ཁང་བདག་ཁོངས་ཉོ་ཚོང་གི་སྲིད་ཇུས་གསར་པ་བཏོན་ནས།
ཉིས་བརྒྱུད་ཁང་པ་ཉོ་ཚོང་གི་གསོན་ཤུགས་འཕེལ་བར་བྱས་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་འགུལ་མེད་རྒྱུ་ནོར་ཐོ་འགོད་ལྟེ་གནས་ནས་གཏམ་བཟང་ཞིག་གྲགས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱིས་ས་ཁང་བདག་ཁོངས་ཀྱི“གཏའ་འཇོག་སྡོད་ཁང་ཐེམ་སྒྱུར”གྱི་བྱ་ཐབས་དངོས་སུ་སྤྱོད་འགོ་ཚུགས་པ་སྟེ། ས་ཁང་བདག་ཁོངས་གཏའ་མར་བཞག་པའི་གནས་ཚུལ་འོག་ཁང་པའི་བདག་དབང་ཉོ་ཚོང་བྱེད་ཆོག་གི་ཡོད་པ་རེད། བྱ་ཐབས་དེ་སྤྱོད་འགོ་ཚུགས་པ་དེས་ས་ཁང་བདག་ཁོངས་ཉོ་ཚོང་ཁྲོམ་རར་གསོན་ཤུགས་གསར་པ་རྒྱས་ནས། ཁེ་ལས་དང་མང་ཚོགས་ལ་ནུས་ཆེ་དང་སྟབས་བདེའི་ཞབས་འདེགས་ཞུ་བ་དང་དུས་མཚུངས་ཉོ་ཚོང་གི་མ་གནས་ཆུང་དུ་ཕྱིན་ནས་ལྷ་ས་གྲོང་ཁྱེར་གྱི་ཉིས་བརྒྱུད་ཁང་པའི་ཉོ་ཚོང་ཁྲོམ་རའི་གསོན་ཤུགས་འཕེལ་ཡོད་པ་རེད།
“གཏའ་འཇོག་ཁང་བདག་བརྗེ་བ”ཞེས་པ་ནི་ཁང་པའི་མཇུག་རྩིས་དངུལ་འཕྲོད་མེད་པའི་གནས་ཚུལ་འོག་ཐད་ཀར་ཁང་བདག་བརྗེ་ཆོག་པར་ཟེར་ཞིང་། ལྷ་ས་གྲོང་ཁྱེར་འགུལ་མེད་རྒྱུ་ནོར་ཐོ་འགོད་ལྟེ་གནས་ཀྱི་ཀྲུའུ་རེན་ཀོན་ཧུའེ་ཧུའེ་ཡིས“དེ་སྔ་མང་ཚོགས་ཀྱིས་ཁང་པ་ཉོ་ཚོང་བྱེད་རིང་འགུལ་མེད་རྒྱུ་ནོར་གྱི་གཏའ་འཇོག་སྤོ་སྒྱུར་ཐོ་འགོད་རེ་ཞུ་བྱེད་སྐབས། འཚོང་མཁན་གྱིས་སྔོན་ལ་དངུལ་ཁང་གི་དངུལ་བུན་གཙང་རྩིས་བརྒྱབ་རྗེས་གཞི་ནས་གཏའ་མ་མེད་པ་བཟོ་ཆོག་པ་དང་། དེ་རྗེས་འགུལ་མེད་རྒྱུ་ནོར་ཐོ་འགོད་ལྟེ་གནས་སུ་ཁང་བདག་བརྗེ་བ་དང་གཏའ་འཇོག་ཐོ་འགོད་གསར་པ་བྱེད་པར་སྐྱོད་དགོས་པས། གོ་རིམ་རྙོག་དྲ་ཆེ་བ་མ་ཟད་ཚན་པ་མང་པོར་འགྲོ་དགོས་ཀྱི་ཡོད། ‘གཏའ་འཇོག་ཁང་བདག་བརྗེ་བའི’བྱ་ཐབས་ལྷ་སར་སྤྱོད་འགོ་ཚུགས་པ་དང་བསྟུན་ནས། ཁང་བདག་གིས་དངུལ་བུན་རྙིང་པ་སྔ་སྣུར་དུ་སྤྲོད་མི་དགོས་པ་དང་འབྲེལ་གཏའ་འཇོག་ཐོ་འགོད་ཀྱི་ཐོ་སུབ་མི་དགོས་པར། ཁང་བདག་བརྗེ་བ་དང་། སླར་ཡང་གཏའ་མར་འཇོག་པ། དངུལ་བུན་གསར་པ་གཏོང་བ་བཅས་ཀྱི་འགྲོ་ལུགས་གཉེར་ཆོག་གི་ཡོད ”ཅེས་ངོ་སྤྲོད་བྱས་པ་རེད།