སྤུས་ལེགས་ནས་ནག་འདེབས་པར་གཞོལ། གྲོང་མི་དགའ་སྤྲོའི་དཔལ་ལ་རོལ།
ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཐུན་རིན་གྲོང་ཁྱེར་ཆུ་ཁོག་ཤོག་བཞི་ཤང་ཀོའུ་སྡེ་གྲོང་ཚོའི་རིག་གནས་ཐང་ཆེན་དུ་འཁྲུག་ཆ་ཧ་ཅང་དོད་ཅིང་། དེ་ཡང་གསེར་སྒང་ཞིང་ལས་ཐོན་རྫས་འདེབས་ཚོང་ཆེད་ལས་མཉམ་ལས་ཁང་གི་ཁེ་སྤོགས་བགོ་བའི་ཚོགས་ཆེན་ཚོགས་འགོ་ཚུགས་པ་རེད།
“ད་ལོ་ཚན་རིག་དང་མཐུན་པའི་ངང་འདེབས་པ་དང་། དོ་དམ་ཞིབ་ཚགས་བྱེད་པ། དེ་བཞིན་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་ཧུར་ཐག་གཏོང་བ་བཅས་བྱས་པ་བརྒྱུད། ནས་ནག་དང་པད་ཁ་སོགས་ཞིང་ལས་ཐོན་རྫས་ཀྱི་ཐོན་འབབ་དང་སྤུས་ཚད་གཉིས་ཀ་མཐོ་རུ་ཕྱིན་ནས་ཕྱིར་ཚོང་ཡོང་འབབ་སླར་ཡང་ཟིན་ཐོ་གསར་པ་བཏོད་པ་སོགས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད”ཅེས་མང་ཚོགས་ཀྱི་རེ་སྒུག་ཁྲོད་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ནམ་མཁའ་ཚེ་རིང་གི་ངོ་གདོང་ལས་འཛུམ་མདངས་འཕྱུར་བཞིན་ཀྲུའུ་ཞི་སྡིངས་ཆར་བསྐྱོད་དེ་ཡུལ་མི་ཚོའི་མིང་དང་དེ་མཚུངས་ཀྱི་བགོ་འགྲེམས་དངུལ་གྲངས་སྒྲོག་སྦྱངས་བྱེད་བཞིན་བཤད།
དེ་རྗེས་ཡུལ་མི་ཚོ་གོ་རིམ་ལྡན་པའི་ངང་བགོ་འགྲེམས་ལེན་སྟེགས་སུ་བསྐྱོད་དེ་ལས་དོན་པའི་ས་ནས་ཁུག་དམར་བླངས་ཤིང་། ཁུག་དམར་རེ་རེའི་ནང་ཁོང་ཚོའི་ལོ་གཅིག་རིང་དཀའ་སྤྱད་འབད་བརྩོན་བྱས་པའི་འབྲས་བུ་འདུས་ཡོད་པ་རེད།
བོད་རིགས་ཨ་ཁུ་ཚེ་བརྟན་ཕུན་ཚོགས་ཀྱིས་བགོ་འགྲེམས་བླུགས་པའི་ཁུག་དམར་དམ་པོར་འཇུས་ནས་མིག་ཟུང་ལ་མཆི་ཞག་འཁོར་བཞིན་དུ“ང་ཚོའི་ས་ཞིང་མུའུ་ཁ་ཤས་ལས་མེད་པ་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་ཏེ་ནས་ནག་དང་པད་ཁ་བཏབ་པར་འབྲས་བཟང་འདི་འདྲ་ཐོབ་ཡོང་བསམ་པའི་ཡུལ་ལའང་མེད། སྔོན་ཆད་ས་ཞིང་འདེབས་སྐབས་གནམ་ཆུར་བརྟེན་དགོས་ཀྱི་ཡོད། ད་ཆ་མཉམ་ལས་ཁང་དུ་ཆེད་ལས་ཀྱི་འདེབས་འཛུགས་ལག་རྩལ་དང་ཕྱིར་ཚོང་ཐབས་ལམ་ཡོད་པས་ང་ཚོར་ཕྱིར་ཚོང་གི་དཀའ་གནད་ཐག་གཅོད་བྱེད་རོགས་བྱས་པ་མ་ཟད། ལོ་མཇུག་ཏུ་བགོ་འགྲེམས་ཀྱང་བགོ་རྒྱུ་ཡོད”ཅེས་བཤད།
ནས་ནག་འདེབས་འཛུགས་མཉམ་ལས་ཁང་བཙུགས་པ་ནི་ལས་འཛིན་འགོ་གཙོ་ནམ་མཁའ་ཚེ་རིང་གིས་གང་སར་རྟོག་ཞིབ་དང་སློབ་སྦྱོང་བྱས་པའི་གྲུབ་འབྲས་ཡིན་ཞིང་། སྟེས་དབང་གི་གོ་སྐབས་ཤིག་ལས་ཁོང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རུ་སྤེལ་རེས་སློབ་སྦྱོང་བྱེད་པར་སྐྱོད་སྐབས་ཁོང་གིས་ས་གནས་དེ་གའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གྲོང་གསེབ་འཕེལ་རྒྱས་ཀྱི་རྣམ་པ་དང་མཉམ་ལས་ཁང་གི་སྣེ་ཁྲིད་འོག་ས་གནས་དེ་གའི་ཡུལ་མི་ཚོས་བོད་ཆས་དང་ཁུ་ལུའི་ཁ་དཀྲིས་བཟོས་ནས་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཀྱི་གོ་སྐབས་བཟང་པོ་ཐོབ་ཚུལ་དངོས་སུ་མཐོང་ཡོད།
ཀན་ལྷོར་སྤེལ་རེས་དང་སློབ་སྦྱོང་བྱེད་སྐབས་ནམ་མཁའ་ཚེ་རིང་གི་སེམས་ལ་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོ་བསྐྱེད་ཅིང་། ང་རང་གི་ཕ་ཡུལ་དུའང་ལས་ལ་བརྩོན་པའི་ཡུལ་མི་ཡོད་པས་ང་ཚོ་ཀོའུ་སྡེ་གྲོང་ཚོར་བདག་པའི་མཉམ་ལས་ཁང་ཞིག་འཛུགས་མི་ཐུབ་པ་ག་ལ་ཡོད་སྙམ།
མཉམ་ལས་ཁང་བཙུགས་རྗེས་ནམ་མཁའ་ཚེ་རིང་གིས་སླར་ཡང་ས་གནས་དེ་གའི་འཕེལ་རྒྱས་དང་འཚམ་པའི་ཐོན་ལས་ལ་བསམ་བློ་གཏོང་འགོ་ཚུགས་ནས་འཕྲལ་དུ་མཚོ་སྔོན་གྱི་ས་གནས་ཁག་ཏུ་བཅར་འདྲིར་བསྐྱོད། ཞིང་ལས་འགྲེམས་ཚོགས་གཟབ་རྒྱས་ཤིག་ཏུ་ཁོང་གིས་ནས་ནག་གི་དམིགས་བསལ་རིན་ཐང་དང་ཁྲོམ་རའི་མདུན་ལམ་ཆེན་པོ་ལྡན་པ་སྟེ། ནས་ནག་ལ་འཚོ་བཅུད་ཀྱི་གྲུབ་ཆ་མང་པོ་འདུས་ཡོད་པས་མིའི་བདེ་ཐང་ལ་ཕན་པ་ཆེན་པོ་ཡོད་པ་མ་ཟད། ཁྱད་ལྡན་ཟས་རིགས་ལས་སྣོན་ཁྱབ་ཁོངས་སུའང་ཚང་མས་དགའ་པོ་བྱེད་པ་ཤེས། གྲོང་ཚོར་ལོག་རྗེས་ཁོང་གིས་སྤྲོ་སྣང་ཆེན་པོས་ཡུལ་མི་སྤུན་ཟླ་ཚོར་ནས་ནག་འདེབས་པའི་ལེགས་ཆ་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་འབྲེལ། ཚང་མའི་སྣེ་ཁྲིད་དེ་ཁྱད་ལྡན་འདེབས་འཛུགས་ཀྱི་ལམ་བུར་བསྐྱོད་པ་རེད།
ནམ་མཁའ་ཚེ་རིང་གིས“འབྲོག་ཁུལ་དུ་ངས་རྒྱུན་དུ་མཐོང་མང་བའི་ནས་དཀར་བཏབ་་མེད། དེ་ཡང་ནས་ནག་ལ་གཉན་འགོག་གི་ནུས་པ་ཡག་པོ་ཡོད་པས། ཐན་པ་དང་གྲང་ངར་ཆེ་བའི་ཁོར་ཡུག་ཁྲོད་ཡག་པོ་སྐྱེ་གི་ཡོད་ལ་ས་རྒྱུའི་གཤིན་ཚད་ཀྱི་རེ་བའང་ཅུང་དམའ་པོ་ཡོད་པ་མ་ཟད། ནས་ནག་ལ་ཁོར་ཡུག་དང་འཕྲོད་ནུས་ཆེ་ཙམ་ལྡན་པས་སྐྱེ་འཚར་དང་ཐོན་འབབ་བརྟན་ལ་འདེབས་འཛུགས་ཀྱི་ཉེན་ཁའང་ཆུང་དུ་འགྲོ་གི་ཡོད”ཅེས་བཤད། ནས་ནག་འདེབས་རིང་། ཁོང་གིས་ལྷུ་ཚིགས་ཚང་མར་གཟབ་ནན་གྱིས་ནོར་འཁྲུལ་མི་ཡོང་བ་བྱས་ཏེ་ཡུལ་མི་ཚོའི་ཡིད་ཆེས་ཆུད་ཟོས་སུ་བཏང་མེད།
ནས་ནག་འདེབས་དོན་ནི་དེའི་ནང་ད་དུང་ཚད་ཉུང་གཞི་རྒྱུ་དང་མེ་ཏོག་མདོག་རྒྱུའི་འདུས་ཚད་ནས་དཀར་ལས་ཧ་ཅང་མང་བས་རེད། འཚོ་བཅུད་ཀྱི་གྲུབ་ཆ་དེ་དག་གིས་འཛད་སྤྱོད་པར་དེ་བས་བདེ་ཐང་གི་བཟའ་བཏུང་གདམ་ག་ཐུབ་པ་མ་ཟད། ནས་ནག་གི་ ཁྲོམ་རའི་རིན་གོང་ཡང་དེ་བས་མཐོ་རུ་ཕྱིན་ཡོད། “ད་ཆ་ནས་དཀར་གྱི་ཁྲོམ་རའི་རིན་གོང་སྤྱི་རྒྱ་1ལ་སྒོར་4ཡིན་པ་དང་། ནས་ནག་སྤྱི་རྒྱ་1ལ་སྒོར་10ཡིན་པས་མཉམ་ལས་ཁང་ལ་ཁེ་སྤོགས་དེ་བས་མང་བ་རག་གི་ཡོད”ཅེས་ནམ་མཁའ་ཚེ་རིང་གིས་བཤད་པ་དང་། ཁོང་གིས“མིག་སྔར་ནས་ནག་འདེབས་པའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་འདེབས་ཁྱོན་སྤྱི་ཆིང་78.67ཟིན་ཡོད། མཉམ་ལས་ཁང་གིས་སྣེ་ཁྲིད་ཀྱི་ནུས་པ་ཧུར་ཐག་བཏོན་ནས་ཧྲེ་ཡོན་དུད་ཚང་48ཀྱི་མི་གྲངས་275དེའི་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་ཤིང་། གླེང་རིན་ཡོད་པ་ཞིག་ནི་དུད་ཚང་9ཡི་མི་གྲངས་36དབུལ་སྒྲོལ་དུད་ཚང་ནས་རེད། ང་ཚོས་དཀའ་སྤྱད་ངལ་རྩོལ་དང་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། དེ་རིང་ཁྱོན་བགོ་འགྲེམས་སྒོར་ཁྲི་24.23བགོ་རྒྱུ་བྱུང་། བགོ་འགྲེམས་དེ་དག་ལས་ང་ཚོས་ནས་ནག་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་ཡིད་ཆེས་དང་རེ་སྒུག་དེ་བས་ཆེ་རུ་ཕྱིན་སོང”ཞེས་བཤད།