ནག་ཆུ་གྲོང་ཁྱེར་གྱིས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་གཉེར་བ།
དབང་པོ་སྐྱོན་ཅན་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཀྱིས་དབང་པོ་སྐྱོན་ཅན་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དབང་པོ་སྐྱོན་ཅན་གྱི་སྙིང་སྟོབས་མངོན་པ་བཅས་བྱ་ཆེད། ཉིན་ཤས་གོང་ནག་ཆུ་གྲོང་ཁྱེར་གྱིས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་གཉེར་བ་རེད།
ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་རིང“གྲོང་གསེབ་དར་རྒྱས། ང་ཚོས་འབད་འབུངས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། ནག་ཆུ་གྲོང་ཁྱེར་གྱིས་ཕྱོགས་བསྡུས་རང་བཞིན་གྱི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་གཉེར་ཐེངས་དང་པོ་རེད། ཉིན་གཉིས་རིང་གི་འགྲན་བསྡུར་ནང་། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)11དང་དམིགས་བསལ་སློབ་གསོའི་སློབ་གྲྭ་2ནས་ཡོང་བའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་པ་131མཆོང་རྒྱུག་འཕེན་གསུམ་དང་། རྡོ་སྒོར། ལེ་ཆིའུ་སྤོ་ལོ། ཐག་མཆོང་། འོན་པའི་ལན་ཆིའུ་སྤོ་ལོ་སོགས་ཀྱི་འགྲན་བསྡུར་ལ་ཞུགས་པ་རེད།
སྙན་རོང་རྫོང་གི་འགྲན་ཞུགས་པ་བུ་ཆུང་སྐྱིད་ཀྱིས“ཉེ་བའི་ལོ་ཤས་རིང་ཐག་མཆོང་བརྒྱབ་པ་ལས་ང་རང་ལ་གདེང་ཚོད་འཕེལ་བ་དང་སེམས་པའང་བག་ཡངས་སུ་ཕྱིན་སོང་། ད་ཐེངས་ཀྱི་འགྲན་བསྡུར་ལ་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། མཆོངས་ཐེངས་རེར་ཚེ་སྲོག་གི་སྐྱེ་སྟོབས་འབར་བའི་སྣང་བ་ཡོང་གི་འདུག་ལ་སླད་ཕྱིན་མུ་མཐུད་འགྲན་བསྡུར་འདིའི་རིགས་ལ་ཞུགས་ཀྱི་ཡིན”ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་ནག་ཆུ་གྲོང་ཁྱེར་གྱིས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། དབང་པོ་སྐྱོན་ཅན་གྱི་སྤྱི་པའི་ལུས་རྩལ་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། དབང་པོ་སྐྱོན་ཅན་གྱི་ལུས་རྩལ་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། དབང་པོ་སྐྱོན་ཅན་གྱི་ལུས་རྩལ་ཤེས་ལྡན་པ་འཚོལ་བ་དང་གསོ་སྐྱོང་གང་ལེགས་བྱེད་པ། སྤྱི་ཚོགས་ཡོངས་ཀྱིས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་པར་སྐུལ་སློང་། དབང་པོ་སྐྱོན་ཅན་ལ་བསམ་ཤེས་དང་། བརྩི་འཇོག སེམས་ཁུར། རོགས་རམ་བཅས་བྱེད་པའི་རྣམ་པ་ཟབ་མོ་ཞིག་གཏོད་པ་བཅས་བྱས་པས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད་པ་རེད།