དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་གྱིས་མང་ཚོགས་ལ་འཁྲི་སྐྱེས་ཤ་མོ་འདེབས་འཛུགས་རྣམ་གྲངས་ཀྱི་ཁེ་སྤོགས་བགོ་བཤའ་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-11

    ཉེ་ཆར། རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་གྱིས་དགྲ་ལྷ་གྲོང་ཚོར་འཁྲི་སྐྱེས་ཤ་མོ་འདེབས་འཛུགས་རྣམ་གྲངས་ཀྱི་མཉམ་སྡེབ་ཁེ་སྤོགས་བགོ་བཤའ་རྒྱག་པའི་མཛད་སྒོ་འཚོགས་ཤིང་། ཐེངས་འདིར་ཁེ་སྤོགས་བགོ་བཤའ་རྒྱག་སྐབས“ལས་མང་ཐོབ་མང”གི་རྩ་དོན་མཐའ་འཁྱོངས་བྱས་ཐོག་གྲོང་རྡལ་ཡོངས་ཀྱི་འཁྲི་སྐྱེས་ཤ་མོ་འདེབས་འཛུགས་ལས་ཀར་ཞུགས་མཁན་ཡོངས་ལ་ལས་སྒྲུབ་དུས་ཡུན་ལྟར་ཁེ་སྤོགས་སྒོར་ཁྲི་1.3ནས་སྒོར་ཁྲི་2བར་མི་འདྲ་བར་བགོ་བཤའ་བརྒྱབ་པ་དང་། མཐར་འགྲོ་བ་དགོན་གྲོང་རྡལ་གྱི་མང་ཚོགས་དུད་ཚང་66ལ་འཁྲི་སྐྱེས་ཤ་མོ་འདེབས་འཛུགས་རྣམ་གྲངས་ཀྱི་ཁེ་སྤོགས་སྒོར་ཁྲི་96རག་ཡོད་པ་རེད།

    འགྲོ་བ་དགོན་གྲོང་རྡལ་གྱི་འཁྲི་སྐྱེས་ཤ་མོ་འདེབས་འཛུགས་རྣམ་གྲངས་ནི་གྲོང་རྡལ་དེས་དཔལ་འབྱོར་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཁྱད་ལྡན་ཞིང་འབྲོག་ཐོན་ལས་ལེགས་སུ་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། འགྲོ་བ་དགོན་གྲོང་རྡལ་གྱི་ཏང་ཨུད་དང་སྲིད་གཞུང་གིས་དུས་འགོར་ཞིབ་ཕྲའི་རྣམ་གྲངས་འཆར་འགོད་བྱས་པ་བརྒྱུད་ཁེ་ལས་དང་རིགས་གཅིག་མཁས་ཅན་གདན་དྲངས་ནས་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་རྗེས་འདི་ལོར་འཁྲི་སྐྱེས་ཤ་མོ་ཚོད་འདེབས་བྱ་རྒྱུ་དང་སྦྲགས། མང་ཚོགས་ཁྲོད་འཁྲི་སྐྱེས་ཤ་མོ་འདེབས་འཛུགས་ལག་རྩལ་གསོ་སྦྱོང་བྱས་ནས་གྲོང་རྡལ་ཡོངས་ཀྱི་ཞིང་འབྲོག་པ་དེ་བས་མང་པོ་ལས་སྒྲུབ་ཀྱི་རྣམ་པའི་ཐོག་ནས་རྣམ་གྲངས་ནང་ཞུགས་སུ་འཇུག་རྒྱུའི་ཐག་བཅད་པ་རེད།

    རྣམ་གྲངས་དེ་ལག་ལེན་བསྟར་བ་བརྒྱུད་བེད་མེད་དུ་ལུས་པའི་ས་ཆ་སྤྱོད་ཚད་མང་དུ་ཕྱིན་ནས་རང་བརྟེན་ནུས་པ་ཆེ་རུ་ཕྱིན་པ་མ་ཟད། ད་དུང་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུའི་སྐུལ་ཁྲིད་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཀྱང་ཐུབ་ཡོད་པ་རེད། དགྲ་ལྷ་གྲོང་ཚོའི་མང་ཚོགས་ཁྲེང་ཞའོ་ཡིས། “འདི་ལོར་ངས་སྒོ་རྩར་ལས་ཀ་བྱས་ཀྱང་ཁེ་སྤོགས་སྒོར་ཁྲི་2.04རག་པ་མ་ཟད་ད་དུང་རང་ཉིད་ཀྱི་ཁྱིམ་ཚང་ལ་ལྟ་རྟོག་ཀྱང་ཐུབ་པས་དངོས་འབྲེལ་དགའ་པོ་བྱུང”ཞེས་དགའ་སྤྲོ་ཆེན་པོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།