དམངས་འཚོའི་ལས་དོན་ཡག་པོ་བསྒྲུབས། བདེ་སྐྱིད་ཁྱིམ་གཞིས་མཉམ་དུ་བསྐྲུན།
ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་ཁང་གསར་ལྷོ་སྡེ་ཁུལ་གྱིས་དམངས་ལ་ཞབས་འདེགས་ཧུར་ཐག་ཞུས་པའི་སྐོར་བཀོད་པ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་ཁང་གསར་ལྷོ་སྡེ་ཁུལ་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་ནས་དམངས་འཚོའི་བྱ་བ་དངོས་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པས་དེ་གའི་གཏམ་རྒྱུད་རེ་རེས་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ། མཉམ་དུ་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པའི་རྣམ་པ་ཞིག་ངང་གིས་མངོན།
སྒྲིག་བཀོད་རིམ་སྤོར་བྱས་ནས། གྲོང་མིའི་འཚོ་བར་སྟབས་བདེ་བསྐྲུན་པ།
སྡེ་ཁུལ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག སྔར་ཡོད་ཀྱི་གློག་སྐུད་རིམ་བཞིན་རྙིང་པ་ཆགས་ནས་གློག་སྤྱོད་ཐེག་ཚད་ལས་བརྒལ་བ་དང་། གློག་རྒྱུན་ཆད་པ། གློག་སྒྱུར་ཆས་ཀྱི་སྣེ་མོ་འཚིག་པ་སོགས་ཀྱི་གནད་དོན་ཐོན་ནས་གྲོང་མིའི་འཚོ་བར་སྟབས་བདེ་མེད་པ་མ་ཟད། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེན་ཡང་ལྡན་ཡོད།
གྲོང་མིའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་ཆེད། སྡེ་ཁུལ་གྱིས་གློག་སྐུད་བརྗེ་བའི་འདུ་འགོད་སྤེལ་འགོ་ཚུགས་རྒྱུའི་ཐག་བཅད་པ་དང་། རྣམ་གྲངས་དེར་བསྡོམས་མ་དངུལ་སྒོར་ཁྲི་9.65བཏང་བའི་ནང་སྒོར་ཁྲི་2.7གྲོང་མིས་རང་གྲབས་བྱས་པ་དང་་ལྷག་མ་རྣམས་གྲོང་སྡོད་ལས་དོན་རུ་ཁག་གི་དམངས་ཆེད་བྱ་བ་དངོས་སྒྲུབ་པའི་འགྲོ་གྲོན་ནས་གཏོང་རྩིས་ཡོད་པ་རེད།
འབད་བརྩོན་བྱས་པ་བརྒྱུད་ཁོངས་གཏོགས་ཁུལ་གྱི་གློག་སྐུད་གསར་པ་བརྗེས་པས་གློག་ཤུགས་མཁོ་སྤྲོད་སྔར་བས་བརྟན་པོ་དང་བདེ་འཇགས་བྱུང་བས། གྲོང་མིས་གློག་སྐུད་རྙིང་པ་ཆགས་ནས་མེ་སྐྱོན་ཐོན་སླ་བ་སོགས་ཀྱི་བདེ་འཇགས་ཀྱི་གནད་དོན་ལ་སེམས་ཁྲལ་བྱེད་མི་དགོས་པས་འཚོ་བའི་སྤུས་ཚད་ལེགས་སུ་ཤུགས་ཆེན་ཕྱིན་ཡོད།
གཞན་ཡང་། སྡེ་ཁུལ་གྱིས་ད་དུང་བྱ་སྤྱོད་ཧུར་ཐག་སྤེལ་ནས་ཆེད་དོན་མ་དངུལ་སྒོར་ཁྲི་4.9བཏང་ནས་ཆུ་ལམ་རྒྱུད་ཀྱི་ལག་འཇུ་ཉམས་བཟོ་བྱས་པས་ཆུ་ལམ་ངོགས་སུ་མཚན་མོ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མ་ཐོན་བཀག་འགོག་ནུས་ལྡན་ཐུབ་ཡོད། ད་ཆ་ཆུ་ལམ་ངོགས་སུ་ལག་འཇུ་གསར་པ་བསྒར་ནས་གྲོང་མིར་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བསྐྲུན་པས་གྲོང་མིའི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་ཡོད།
ཁོར་ཡུག་བཅོས་སྒྲིག་བྱས་ནས། སྡེ་ཁུལ་གྱི་གནས་འཕྲོད་ལ་སྐུལ་འདེད་བཏང་བ།
ཁང་གསར་ལྷོ་སྡེ་ཁུལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ལས་དོན་ཐོག་མཐའ་བར་གསུམ་དུ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་གྲོང་མིར་གཙང་སྦྲ་ལེགས་ལ་སྐྱིད་སྣང་དོད་པའི་འཚོ་བའི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བཏོད་ཡོད། དེ་ཡང་ཁང་གསར་ལྷོ་སྲང་ལམ་བཅོས་སྒྲིག་གི་གཙོ་གནད་ལ་བརྩིས་ནས་སྲང་ལམ་ནང་གི་ཆུ་རྫིང་གི་ཁོར་ཡུག་གནད་དོན་སྡེ་ཁུལ་གྱི་དོ་ཁུར་བྱེད་ས་གཙོ་བོར་གྱུར་ཡོད།
ཁང་གསར་ལྷོ་སྡེ་ཁུལ་གྱི་དྲ་མིག་པ་ཡོན་ཏན་ཚེ་རིང་གིས་ཉིན་ཞིག་རྒྱུན་གཏན་གྱི་སྐོར་གཡེང་བྱེད་སྐབས་ཆུ་རྫིང་ནང་གད་སྙིགས་ཕུད་ད་དུང་སྐྱག་གཅིན་སོགས་སྦགས་བཙོག་དངོས་པོ་མང་པོ་ཡོད་པ་མཐོང་འཕྲལ་སེམས་ཁྲལ་ཆེན་པོ་བྱུང་ནས་སྡེ་ཁུལ་གྱི་འགོ་ཁྲིད་ལ་སྙན་སེང་ཞུས་པ་ཡིན། སྡེ་ཁུལ་གྱི་ལས་དོན་པས་གནད་དོན་དེ་ཤེས་འཕྲལ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཆུ་རྫིང་གཙང་སེལ་བྱ་རྒྱུའི་ཐག་བཅད་སོང་ཞེས་བཤད།
ཆུ་ཚོད་དྲུག་ལྷག་ཙམ་འབད་འཐབ་བྱས་པ་བརྒྱུད་ཆུ་རྫིང་ནང་གི་གད་སྙིགས་ཏུན་0.8ལྷག་ཙམ་གཙང་སེལ་བྱས། གྲོང་མིས་དྭངས་ཞིང་གཙང་བའི་ཆུ་རྫིང་དང་གཙང་སྦྲ་དོད་པའི་ཁྲོམ་གཞུང་མཐོང་སྐབས་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར། ད་ཐེངས་ཆུ་རྫིང་གཙང་སེལ་གྱི་བྱ་སྤྱོད་ལས་སྡེ་ཁུལ་གྱི་ལས་དོན་པའི་འགན་འཁྲི་འཁུར་སེམས་དང་དམངས་ཆེད་བྱ་བ་དངོས་སྒྲུབ་པའི་ཆོད་སེམས་མངོན་པ་མ་ཟད། གྲོང་ཁྱེར་འཛུགས་གཏོད་ལས་དོན་སྔར་བས་མི་སེམས་སུ་གཏིང་ཟབ་ཟུག་པ་མངོན་ཡོད།
ཁེ་དབང་འགན་ལེན་བྱས་ནས། དྲོ་སྐྱིད་ལྡན་པའི་རྣམ་པ་བཏོད་པ།
ཞིང་པ་ལས་མི་ནི་གྲོང་ཁྱེར་འཛུགས་སྐྲུན་གྱི་སྟོབས་ཤུགས་གཙོ་བོ་ཡིན་པས་ཁོང་ཚོས་དཀའ་ངལ་ཁྱད་བསད་ཀྱིས་ནུས་ཤུགས་བཏོན་ཏེ་སྡེ་ཁུལ་གྱི་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། འོན་ཀྱང་ཁང་གསར་ལྷོ་སྡེ་ཁུལ་ལའང་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་འཕྲད་མྱོང་ཡོད།
ཞིང་པ་ལས་མི་ཀྲེང་ཆེ་གེ་མོར་འབྲེལ་ཡོད་ཀྱི་འཛུགས་སྐྲུན་རྣམ་གྲངས་ཁྲོད་སྒོར་ཁྲི་30ཟིན་པའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་འཕྲད་པས། དེ་ཁོང་གི་ངོས་ནས་བརྗོད་ན་ཕོག་ཐུག་ཧ་ཅང་ཆེན་པོ་ཞིག་རེད། ཁོང་གིས་གང་སར་རྒྱུགས་ཀྱང་ཐག་གཅོད་མ་ཐུབ་པས། འུ་ཐུག་ཐབས་ཟད་ནས་ཀྲེང་ཆེ་གེ་མོས་ཁང་གསར་ལྷོ་སྡེ་ཁུལ་གྲོང་ལྷན་དུ་ཡོང་ནས་རོགས་རམ་རེ་ཞུ་བྱས།
ཁང་གསར་ལྷོ་སྡེ་ཁུལ་གྲོང་ལྷན་གྱིས་གནས་དོན་དེར་ཚད་མཐོའི་མཐོང་ཆེན་བྱས་ནས་འཕྲལ་མར་གླ་ཆ་འདེད་ལེན་ཚོགས་ཆུང་བཙུགས། དྲ་མིག་པ་པ་སངས་ཚེ་རིང་གིས་རྣམ་གྲངས་ཀྱི་འགན་གཙང་ལེན་མཁན་ཕྱོགས་དང་འགན་གཙང་སྤྲོད་མཁན་དང་འབྲེལ་གཏུག་མཐུན་སྦྱོར་ལས་དོན་གྱི་འགན་རང་འགུལ་ངང་འཁུར།
མཐུན་སྦྱོར་ཧུར་ཐག་བྱས་པ་བརྒྱུད་ཀྲེང་ཆེ་གེ་མོར་སྒོར་ཁྲི་30ཟིན་པའི་གླ་ཆ་འགྱངས་ཆད་ཀྱི་དངུལ་བདེ་བླག་ངང་འདེད་ལེན་ཐུབ་ཅིང་། ཀྲེང་ཆེ་གེ་མོར་དངུལ་རག་སྐབས་སེམས་འགུལ་ཚད་མེད་ཐེབས། ཁོང་གིས་ཆེད་མངགས“དམངས་ཆེད་གཞུང་དྲང་གིས་འགྱངས་ཆད་གླ་ཆ་འདེད་ལེན་བྱས”ཞེས་འཁོད་པའི་གོས་དར་ཞིག་བཟོས་ནས་སྡེ་ཁུལ་གྱི་གྲོང་ལྷན་དུ་བསྐྱལ་ཏེ་སྡེ་ཁུལ་གྱི་ལས་དོན་པར་ཐུགས་རྗེ་ཆེ་ཞུ་སེམས་མཚོན་པར་བྱས་པ་རེད།
ཁང་གསར་ལྷོ་སྡེ་ཁུལ་གྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་གསལ་འགྲེལ་བྱས་ཏེ་གྲོང་མི་ཚང་མས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱས་ཡོད།