འཛམ་གླིང་ཡོངས་ཀྱིས་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་ཐུབ་པར་བྱེད་དགོས།
ཧོ་དབྱིན།
མི་ཐབས་རིག་ནུས་ཀྱི་ནུས་པ་འཛུགས་སྐྱོང་གི་རྒྱལ་སྤྱིའི་མཉམ་ལས་མཛའ་གྲོགས་ཚོགས་ཆུང་གིས་དེང་སྐབས་ཀྱི་ཡོངས་ཁྱབ་རང་བཞིན་དང་། འཐུས་ཚབ་རང་བཞིན། དབང་གྲགས་རང་བཞིན་བཅས་ཆེ་ཤོས་ལྡན་པའི་སྲིད་གཞུང་དབར་གྱི་རྒྱལ་སྤྱིའི་རྩ་འཛུགས་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ལ་བརྟེན་ནས་སྦྲེལ་ཟམ་གྱི་ནུས་པ་གང་ལེགས་བཏོན་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས་མི་ཐབས་རིག་ནུས་ཀྱི་ནུས་པ་འཛུགས་སྐྱོང་ཐད་སྤེལ་རེས་དང་མཉམ་ལས་ཧུར་ཐག་བྱ་རྒྱུ་རེད།
ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་3ཉིན། ཀྲུང་གོ་དང་ཙན་པི་ཡས་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་མི་ཐབས་རིག་ནུས་ཀྱི་ནུས་པ་འཛུགས་སྐྱོང་གི་རྒྱལ་སྤྱིའི་མཉམ་ལས་མཛའ་གྲོགས་ཚོགས་ཆུང(གཤམ་དུ“མཛའ་གྲོགས་ཚོགས་ཆུང”ཞེས་བསྡུ་རྒྱུ)གི་ཚོགས་འདུ་ཐེངས་དང་པོ་མཉམ་དུ་འཚོགས་པ་དེ་ཐོག་ནས་མཛའ་གྲོགས་ཚོགས་ཆུང་དངོས་སུ་བཙུགས་པ་མཚོན་ཡོད། རྒྱལ་ཁབ་དང་དྲུང་ཆེའི་ལག་རྩལ་དམིགས་བསལ་ཕོ་ཉའི་གཞུང་དོན་ཁང་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་80ལྷག་ཙམ་གྱི་འཐུས་མི་ཚོགས་འདུར་ཞུགས་ཏེ། མཛའ་གྲོགས་ཚོགས་ཆུང་གིས་མི་ཐབས་རིག་ནུས་ཀྱི་ནུས་པ་འཛུགས་སྐྱོང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མི་ཐབས་རིག་ནུས་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ། གྲངས་འཛིན་གྱི་ཧེ་བག་ཆུང་དུ་གཏོང་བ་བཅས་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། དེ་ནི་ཀྲུང་གོས་མི་ཐབས་རིག་ནུས་ཁོང་ཡངས་དང་ཀུན་ཕན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་གཞན་ཞིག་ཡིན་པ་དེ་ཐོག་ནས་མི་ཐབས་རིག་ནུས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོའི་བློ་རྒྱ་དང་འགན་འཁྲི་གང་ལེགས་མངོན་ཡོད།
ཉེ་བའི་ལོ་ཤས་རིང་། མི་ཐབས་རིག་ནུས་ལག་རྩལ་ལ་རྒྱུན་ཆད་མེད་པར་ཚད་བརྒལ་བྱུང་བ་དང་སྤྱོད་གོ་ཆེ་རུ་ཕྱིན་ནས་རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གོ་སྐབས་ཧ་ཅང་ཆེན་པོ་བསྐྲུན་ཡོད། དེ་དང་ཆབས་ཅིག་མི་ཐབས་རིག་ནུས་ལག་རྩལ་ལས་ཉེན་ཁ་དང་འགྲན་སློང་མང་པོ་ཐོན་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱ་ཆེའི་རྒྱལ་ཁབ་ལ་དེའི་ཁྲོད་ནས་ཕན་འབྲས་ཐོབ་མྱོང་མེད། རིག་ནུས་ཀྱི་ཧེ་བག་དང་གྲངས་འཛིན་གྱི་ཧེ་བག་ཆེ་རུ་ཕྱིན་ནས་རྒྱལ་ཁབ་ཁག་དབར་གྱི་འཕེལ་རྒྱས་དོ་མི་སྙོམས་པ་སྔར་བས་ཚབས་ཆེར་ཕྱིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མི་ཐབས་རིག་ནུས་ཁོང་ཡངས་དང་ཀུན་ཕན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཀྱི་ཡོད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས《གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་གི་གྲོས་འགོ》བཏོན་གནང་ནས་མི་ཐབས་རིག་ནུས་བཅོས་སྐྱོང་ལ་ཀྲུང་གོའི་བློ་གྲོས་དང་ཇུས་གཞི་ལེགས་སྐྱེས་སུ་ཕུལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མི་ཐབས་རིག་ནུས་འཕེལ་རྒྱས་དང་བཅོས་སྐྱོང་བྱེད་རིང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕྱོགས་པའི་རྒྱལ་སྤྱིའི་མཉམ་ལས་དང་རོགས་སྐྱོར་ཧུར་ཐག་བྱས་ཏེ། ཕྱོགས་ཁག་གི་དབང་ཆ་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་འགན་ལེན་བྱས་ནས། རྒྱལ་ཁབ་གཅིག་ཀྱང་རྗེས་སུ་མི་ལུས་པར་བྱེད་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། མི་རིང་བའི་གོང་འཚོགས་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པའི་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་ཐབས་རིག་ནུས་ཀྱི་རྒྱལ་སྤྱིའི་བཅོས་སྐྱོང་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། མི་ཐབས་རིག་ནུས་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་དང་མིའི་རིགས་ཡོངས་ལ་ཕན་བདེ་སྐྲུན་ཐུབ་པའི་འགན་ལེན་བྱས་ཏེ“རྒྱལ་ཁབ་ཕྱུག་པོ་དང་གང་ཟག་ཕྱུག་པོའི་རོལ་རྩེད”དུ་མི་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།
འདི་ལོའི་ཟླ་9པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་རིམ་མཐོའི་ཚོགས་འདུའི་དུས་འཁོར་རིང་། ཀྲུང་གོ་དང་ཙན་པི་ཡས་མཉམ་དུ་“མི་ཐབས་རིག་ནུས་ཀྱི་ནུས་པ་འཛུགས་སྐྱོང་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་རིམ་མཐོའི་ཚོགས་འདུ”ཐུན་མོང་ཐོག་འཚོགས་པ་དང་ཀྲུང་གོ་ཕྱོགས་ཀྱིས་ཚོགས་འདུའི་ཐོག《མི་ཐབས་རིག་ནུས་ཀྱི་ནུས་པ་འཛུགས་སྐྱོང་གི་ཀུན་ཕན་འཆར་གཞི》བཏོན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་མཛའ་གྲོགས་ཚོགས་ཆུང་འཛུགས་པའི་གྲོས་འགོ་བཏོན་པ་ནི་ཀུན་ཕན་འཆར་གཞི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན། ཙན་པི་ཡའི་ནོར་སྲིད་པུའི་རྒྱུན་ལས་དྲུང་ཆེ་ཁཱ་མཱ་ཡིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིག་ནུས་ཀྱི་ཧེ་བག་ཆུང་དུ་གཏོང་རྒྱུར་གཞོལ་ནས་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགག་རྩའི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཕྱོགས་ཁག་གིས་མཛའ་གྲོགས་ཚོགས་ཆུང་ལ་རྒྱབ་སྐྱོར་བྱས་ཏེ་གོ་ལ་ཧྲིལ་པོའི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
མཛའ་གྲོགས་ཚོགས་ཆུང་གིས་དེང་སྐབས་ཡོངས་ཁྱབ་རང་བཞིན་དང་། འཐུས་ཚབ་རང་བཞིན། དབང་གྲགས་རང་བཞིན་བཅས་ཆེན་པོ་ལྡན་པའི་སྲིད་གཞུང་དབར་གྱི་རྒྱལ་སྤྱིའི་རྩ་འཛུགས་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ལ་བརྟེན་ནས་སྦྲེལ་ཟམ་གྱི་ནུས་པ་གང་ལེགས་བཏོན་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས་མི་ཐབས་རིག་ནུས་ཀྱི་ནུས་པ་འཛུགས་སྐྱོང་ཐད་སྤེལ་རེས་དང་མཉམ་ལས་ཧུར་ཐག་བྱ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་མཛའ་གྲོགས་ཚོགས་ཆུང་གི་འབྲེལ་ཡོད་བྱེད་སྒོའི་ནང་ཧུར་ཐག་ཞུགས་ནས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་འབྲེལ་ཡོད་གྲོས་ཆོད་དང《མི་ཐབས་རིག་ནུས་ཀྱི་ནུས་པ་འཛུགས་སྐྱོང་གི་ཀུན་ཕན་འཆར་གཞི》ཐུན་མོང་ཐོག་དོན་འཁྱོལ་ཡག་པོ་བྱས་ཏེ་རིག་ནུས་ཀྱི་ཧེ་བག་ཆུང་དུ་བཏང་ནས། འཛམ་གླིང་ཡོངས་སུ་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་ཐུབ་པ་དང་དེ་བས་རིག་ནུས་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུར་དགའ་བསུ་ཞུ་གི་ཡོད།