ཕྱི་འབྲེལ་པུས་བརྗོད་དོན།“རྒྱུད་གཅིག་ལམ་གཅིག”དེ་འཛམ་གླིང་ལ་ཕན་པའི“བདེ་སྐྱིད་ལམ་བུར”གཏོད་རྒྱུ་ཡིན།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་6ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་འདུ་ཤེས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ“རྒྱུད་གཅིག་ལམ་གཅིག”དེ་འཛམ་གླིང་ལ་ཕན་པའི“བདེ་སྐྱིད་ལམ་བུ”དང་རྒྱལ་ཁབ་ཁག་ཐུན་མོང་ཐོག་དེང་རབས་ཅན་མངོན་འགྱུར་བྱེད་པའི“ཕུགས་འདུན་བཟོ་གྲྭར”གཏོད་འདོད་ཡོད་ཅེས་བརྗོད་པ་རེད།
དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། འདི་ལོ་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་གྲུབ་འབྲས་གལ་ཆེན་མི་ཉུང་བ་ཐོབ་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད། ཨ་རིའི་དཔལ་འབྱོར་རིག་པ་མཁས་ཅན་སཱ་ཁེ་སིས་གཟའ་འཁོར་འདིའི་ནང་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས་རང་ཉིད་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོའི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་མཁན་ཞིག་ཡིན། ཀྲུང་གོས་གོ་ལ་ཧྲིལ་པོའི་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བརྗོད། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ། འདི་ལོའི་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲུབ་འབྲས་ངོ་སྤྲོད་བྱས་ན་འགྲིག་གམ་ཞེས་དྲིས།
ལིན་ཅན་གྱིས་ལོ་གཅིག་རིང་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་དང་རྒྱལ་ཁབ་མང་པོའི་དབར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་ནས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་དྲུང་ཡིག་ཁྲུའུ་བཙུགས་ཏེ། ནུས་རྒྱུ་དང་། ཁྲལ་འབབ། གནོད་འཚེ་ཉུང་གཏོང་སོགས་ཆེད་ལས་ཁྱབ་ཁོངས་སུ་ཕྱོགས་མང་མཉམ་ལས་ཀྱི་ལས་སྟེགས་30ལྷག་ཙམ་བཙུགས་ཡོད། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ཀྲུང་གོ་དང་མཉམ་སྐྲུན་རྒྱལ་ཁབ་དབར་གྱི་དངོས་ཟོག་ཉོ་ཚོང་བསྡོམས་འབོར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་ཁྲི་16.94ཟིན་ནས་6.2%འཕར་བ་དང་། ཀྲུང་གོའི་ཁེ་ལས་ཀྱིས་རྒྱལ་ཁབ་མཉམ་སྐྲུན་བྱེད་རིང་གསར་དུ་བཞག་པའི་ལས་གྲྭ་འགན་གཙང་ལེན་གྱི་གན་རྒྱ་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་ནས་17.1%འཕར་ཡོད། ཀྲུང་ཡོའི་ལི་ཧའེ་རྒྱ་མཚོ་སྒྲོལ་བའི་ཐད་གཏོང་མྱུར་འདྲེན་དངོས་སུ་ཤར་གཏོང་ཐུབ་པ་དང་། ཀྲུང་ཡོའི་དུས་གཏན་མེ་འཁོར་རིམ་རྩིས་བྱས་ན་གཏོང་ཐེངས་ཁྲི་10ལས་བརྒལ་བ། དངོས་ཟོག་སྐྱེལ་ཚད་ཚད་ལྡན་སྒམ་ཁྲི་1100ལས་བརྒལ་བ། དངོས་ཟོག་གི་རིན་ཐང་ཨ་སྒོར་དུང་ཕྱུར་4200ལས་བརྒལ་ཡོད་པ་རེད། ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པའི་དུས་གཏན་མེ་འཁོར་གྱིས་ལོ་འདིའི་ནང་དངོས་ཟོག་དབོར་འདྲེན་བྱེད་ཚད་ཚད་ལྡན་སྒམ་ཁྲི་80ལས་བརྒལ་ནས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་125ཡི་གྲུ་ཁ་542ལ་སླེབས་ཀྱི་ཡོད་ཅེས་བརྗོད།
ལིན་ཅན་གྱིས་ཉིན་ཤས་གོང་ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པའི་ཐོག“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། “མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བ་དང་། མཉམ་ལས་རིམ་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་དང་རྒྱལ་སྤྱིའི་བློ་སེམས་འགུགས་ཤུགས་དང་། ཤུགས་རྐྱེན་ནུས་པ། གོང་བུ་འགྲིལ་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་གྲུབ་འབྲས་གལ་ཆེན་ཐོབ་ཡོད། མཉམ་སྐྲུན་རྒྱལ་ཁབ་དབར་གྱི་མཛའ་མཐུན་ཟབ་ཏུ་གཏོང་བ་དང་མཉམ་སྐྲུན་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད”ཅེས་བརྗོད།