བོད་ལྗོངས་ཀྱིས“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་རབ་དང་རིམ་པ་རྒྱུན་མཐུད་སྤེལ་བ།
རྩ་ཁྲིམས་ཀྱི་དགོངས་དོན་སྔར་བས་དར་སྤེལ་གཏོང་བ་དང་། རྩ་ཁྲིམས་ཀྱི་དབང་གྲགས་སྔར་བས་སྲུང་སྐྱོང་བྱས་ཏེ། རྩ་ཁྲིམས་ལ་བརྩི་མཐོང་དང་། རྩ་ཁྲིམས་སློབ་སྦྱོང་། རྩ་ཁྲིམས་དྲིལ་བསྒྲགས། རྩ་ཁྲིམས་སྲུང་བ་བཅས་ཀྱི་རྣམ་པ་བཟང་པོ་གཏོད་ཆེད། ཉིན་ཤས་རིང་། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་རབ་དང་རིམ་པ་རྒྱུན་མཐུད་སྤེལ་བ་རེད།
ཉེ་ཆར། ཉིང་ཁྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་ཁོངས་གཏོགས་ཁུལ་དུ་ནང་དོན་ཕུན་སུམ་ཚོགས་པའི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། མཐའ་མཚམས་མངགས་གཏོང་ཁང་ཁག་གིས་རྩ་ཁྲིམས་དྲིལ་བསྒྲགས་ཡན་ལག་རུ་ཆུང་བཙུགས་ནས་ཁོངས་གཏོགས་ཁུལ་གྱི་གྲོང་ཚོ་དང་། སློབ་གྲྭ། མཛེས་ལྗོངས་ཁུལ། ལས་ཡུལ་བཅས་སུ་བསྐྱོད་དེ“བཅའ་ཁྲིམས་གཤམ་སྤེལ”དང“སློབ་གྲྭར་རྩ་ཁྲིམས་དྲིལ་བསྒྲགས”“ཁེ་ལས་སུ་རྩ་ཁྲིམས་དྲིལ་བསྒྲགས”སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། ཁོངས་གཏོགས་ཁུལ་དུ་འཕྲེད་འགེལ་ཡི་གེ་བཀལ་བ་དང་སྦྱར་ཡིག་སྦྱར་ནས་ངལ་རྩོལ་མང་ཚོགས་དང་། ཐོན་སྐྱེད་བཟོ་པ། སློབ་གྲྭར་ཡོད་མུས་ཀྱི་སློབ་མ་བཅས་ལ་རྩ་ཁྲིམས་སྒྲོག་འགྲེལ་བྱས་པ་རེད། དེ་དང་ཆབས་ཅིག་སྒྲོག་འགྲེལ་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཚོའི་ཐོན་སྐྱེད་དང་འཚོ་བའི་དོན་དངོས་ལ་གཞི་ཚུགས་ཏེ་གྱོད་དཔེ་དྲངས་ནས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་བྱེད་ཐབས་བརྒྱུད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་བྱས་ཏེ། མང་ཚོགས་ཚོས་རང་རྟོགས་ངང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་བཅའ་ཁྲིམས་ཀྱི་ཐབས་ལམ་བརྒྱུད་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད།
ཟླ་12ཚེས་4ཉིན། ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཧྲེན་ལི་དུས་རབས་ཐང་ཆེན་དུ་རྩ་ཁྲིམས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ“རྩ་ཁྲིམས་ཤེས་བྱའི་འདྲི་གཞི”དང“རྩ་ཁྲིམས་དང་ངེད་གཉིས་མཉམ་དུ་འགྲོཌ” དེ་བཞིན“ཁྲིམས་སྐྱོང་གི་བྱ་དགའ་ལེན་པ”སོགས་ཀྱི་མཉམ་འགུལ་བྱེད་སྒོ་བཀོད་སྒྲིག་བྱས་པས་མང་ཚོགས་ཞུགས་པའི་ཧུར་སེམས་ཆེ་རུ་ཕྱིན་ཡོད་པ་རེད།
ཉིན་ཤས་རིང་། ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་སངས་ལུང་ཤང་དུས་བདེ་ཁྲིམས་སྐྱོང་གཞུང་ལས་ཁང་གིས་མངགས་གཏོང་ཁང་དང་གྲོང་སྡོད་ལས་དོན་རུ་ཁག་དང་མཉམ་དུ“རྩ་ཁྲིམས་དྲིལ་བསྒྲགས་བདུན་སྤེལ”གྱི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་ལས་དོན་པས་སྔ་རྗེས་སུ་ཁོངས་གཏོགས་ཁུལ་གྱི་ལས་ཁུངས་དང་། སློབ་གྲྭ། ཚོང་ཁང་། གྲོང་ཚོ། དགོན་སྡེ་སོགས་སུ་བསྐྱོད་དེ་རྩ་ཁྲིམས་ནི་ཅི་ཞིག་ཡིན་པ་དང་རྩ་ཁྲིམས་ཀྱི་འཕེལ་རྒྱས་ལོ་རྒྱུས་ལམ་བུ་སོགས་ཀྱི་ནང་དོན་ལ་དམིགས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཤེས་བྱ་འགྲེལ་བཤད་རྒྱག་པ་དང་། ཁྲིམས་བཞིན་འགན་འཁྲི་སྒྲུབ་པ་དང་། ཁྲིམས་བཞིན་ལས་དོན་སྒྲུབ་པ། ཁྲིམས་བཞིན་ཁེ་དབང་ལ་སྲུང་སྐྱོང་བཅས་བྱེད་པའི་ལས་བྱེད་མང་ཚོགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། རྩ་ཁྲིམས་ལག་བསྟར་ལ་སྐུལ་འདེད་གཏོང་རྒྱུ་དེ་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་ལ་འགྱུར་བར་བྱས་པ་རེད།