སྒྱུར་བཅོས་ཟབ་གཏོང་སྒུལ་ནུས་གསར་པ་འཕེལ། “ཞིང་གསུམ” ཞབས་ཞུའི་འགན་འཁྲི་ཕྲག་ཏུ་འཁུར།
—— རང་ལྗོངས་ཀྱིས་མཁོ་ཚོང་མཉམ་ལས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག་མཁོ་ཚོང་མཉམ་ལས་ཁང་གིས་མཁོ་ཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གཙོ་རྐང་ལ་དམ་པོར་དམིགས་པ་དང“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་གཙོ་འགན་གཙོ་ལས་ལ་དམ་པོར་དམིགས་ཏེ། མཁོ་ཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་ཞིང་པར་ཞབས་འདེགས་ཞུ་སྟངས་གསར་གཏོད་དང་བོད་ཀྱི་མཁོ་ཚོང་མཉམ་ལས་བྱ་གཞག་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་མཁོ་ཚོང་གི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།
ལོ་བཅུ་ལྷག་ཙམ་རིང་། བོད་རང་སྐྱོང་ལྗོངས་མཁོ་ཚོང་མཉམ་ལས་ཁང་མེད་པ་ནས་ཡོད་པའི་བར་དང་གཞི་རིམ་མཉམ་ལས་ཁང་དང་མཁོ་ཚོང་མཉམ་ལས་ཁང་གི་ཁོངས་སུ་གཏོགས་པའི་ཁེ་ལས་ཉམས་ཞན་ནས་སྟོབས་ཆེར་ཕྱིན་ཏེ“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། མིག་སྔར་ལྗོངས་ཡོངས་སུ་གཞི་རིམ་གྱི་མཁོ་ཚོང་མཉམ་ལས་ཁང་76ཡོད་པ་དང་མཁོ་ཚོང་མཉམ་ལས་ཁང་གི་ཁོངས་སུ་གཏོགས་པའི་ཁེ་ལས་16ཡོད་པ་རེད། འདི་ལོའི་ཟླ་1ནས་10པའི་བར་ཁོངས་གཏོགས་ཡོངས་ཀྱི་གཞི་རིམ་མཉམ་ལས་ཁང་དང་མཁོ་ཚོང་མཉམ་ལས་ཁང་གི་ཁོངས་སུ་གཏོགས་པའི་ཁེ་ལས་ཀྱི་ཕྱིར་ཚོང་བསྡོམས་འབོར་བརྟན་པོའི་ངང་འཕར་ནས་ཞིང་ལས་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།
འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་བཏོད་པ།
ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་མཁོ་ཚོང་མཉམ་ལས་ཁང་གི་ཤིང་འབྲས་དང་སྔོ་ཚལ་སྡེབ་སྐྱེལ་ལྟེ་གནས་སུ་སྐྱོད་སྐབས། མཁོ་ཚོང་མཉམ་ལས་ཁང་གི་བཟོ་ཚོགས་ཀྱི་ཀྲུའུ་ཞི་སྐལ་བཟང་ཆོས་གྲུབ་ཀྱིས་སྔོ་ཚལ་གསོས་པར་གཡོག་བྱེད་བྱེད་བཞིན་འདུག ཁོང་གིས་ད་ཆ“ཤན་རྩ་རྫོང་གི་མི་སེར་ཚོས་སྒོ་འགྲམ་ནས་གོང་ཁེའི་ཤིང་འབྲས་དང་སྔོ་ཚལ་སོས་པ་ཉོ་ཐུབ་ཀྱི་ཡོད”ཅེས་བཤད།
ཤན་རྩ་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཟིན་པ་དང་དེ་སྔ་ཡུལ་དེ་གའི་མང་ཚོགས་ཀྱི་རྒྱུན་གཏན་བཟའ་བཏུང་ཁྲོད་སྔོ་ཚལ་དང་ཤིང་འབྲས་དཀོན་ཙམ་ཡོད། 2019ལོར་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་ཐག་རིང་ཤང་གྲོང་དུ་ཤིང་འབྲས་དང་སྔོ་ཚལ་སྡེབ་སྐྱེལ་གྱི་ཚོད་ལྟའི་རྣམ་གྲངས་ལག་བསྟར་བྱས་ནས་ཤན་རྩ་རྫོང་མཁོ་ཚོང་མཉམ་ལས་ཁང་དུ་ཤིང་འབྲས་དང་སྔོ་ཚལ་སྡེབ་སྐྱེལ་ལྟེ་གནས་བཙུགས་ཏེ“མཁོ་ཚོང་མཉམ་ལས་ཁང་དང་། གཞི་རིམ་མཉམ་ལས་ཁང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་ལ་བརྟེན་ནས་ལྷ་ས་དང་ཐ་ན་ཟི་ལིང་གི་རྒྱུན་གོང་ཤིང་འབྲས་དང་སྔོ་ཚལ་སོས་པ་རྫོང་ཡོངས་ཀྱི་དུད་ཚང་ཚང་མར་ཁྱབ་པར་བྱས་པ་རེད།
2012ལོར་བོད་རང་སྐྱོང་ལྗོངས་མཁོ་ཚོང་མཉམ་ལས་ཁང་སྒོ་བྱང་བཀལ་ནས་བཙུགས་ཚུན། རང་སྐྱོང་ལྗོངས་མཁོ་ཚོང་མཉམ་ལས་ཁང་གིས་ཞིང་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་ཞིང་འབྲོག་ཁུལ་གྱི་འཁོར་རྒྱུག་དང་འཛད་སྤྱོད་ཁོར་ཡུག་ལེགས་གཏོང་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ནས་ཞིང་འབྲོག་པ་ཁྲི་200ལྷག་ཙམ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད།
ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་དང་ས་ཁུལ་དང་ཚོད་ལྟའི་རྫོང(གྲོང་ཁྱེར་དང་ཆུས)ཁག་གིས་ཕྱོགས་བསྡུས་སྒྱུར་བཅོས་ཇུས་གཞི་གཅིག་རྗེས་གཉིས་མཐུད་ངང་བཏོན་ནས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཞིང་པར་འབབ་འཕར་ཡོང་བར་ཡར་སྐུལ་ཐད་མཁོ་ཚོང་མཉམ་ལས་ཁང་གིས་ལེགས་སྐྱེས་འབུལ་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་པ་སྣམ་རྫོང་གི“ཀུང་སི་དང་། མཉམ་ལས་ཁང་། རྟེན་གཞི། ཞིང་པ”བཅས་ཟུང་དུ་འབྲེལ་བའི་མཉམ་ལས་བྱེད་སྟངས་དང་། སྒར་རྫོང་གི“གྲོང་ཚོའི་ཏང་ཀྲི་པུའུ་དང་གཞི་རིམ་མཉམ་ལས་ཁང”ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས། ཀོང་པོ་རྒྱ་མདའ་རྫོང་གི“གནས་གཅིག་ནུས་མང་དང་། དྲ་གཅིག་ཀུན་སྤྱོད། གཞི་གཅིག་མཉམ་འདྲེས”བཅས་ཀྱི་རྫོང་ཁོངས་འཁོར་རྒྱུག་ཞབས་ཞུའི་དྲ་རྒྱའི་རྣམ་པ་སོགས་དཔེ་མཚོན་ཁག་གཅིག་ཐོན་ཡོད་པ་རེད།
“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་ཕྱིན་པ།
ད་ལོའི་ཟླ་10པར། ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་མཁོ་ཚོང་མཉམ་ལས་ཁང་ཐོག་མ་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་སྤ་རྭ་གྲོང་ཚོར་སྒོ་བྱང་བཀལ་ནས་བཙུགས་པ་རེད། “ང་ཚོའི་མཉམ་ལས་ཁང་གིས་རྩམ་པ་ལས་སྣོན་དང་། ཉོ་སྒྲུབ། ཕྱིར་ཚོང་བཅས་གཙོ་བོར་བྱས་ནས་རྒུ་རུམ་གྲོང་རྡལ་དང་དེ་བཞིན་མཐའ་འཁོར་ཤང་གྲོང་གི་དུད་ཚང་850ལྷག་ཙམ་དང་སྤུས་ལེགས་ནས་འདེབས་འཛུགས་དང་བསྡུ་ཉོའི་གྲོས་མཐུན་བཞག་པས། ཞིང་དུད་ཀྱི་ལོ་རེའི་ཆ་སྙོམས་འབབ་འཕར་སྒོར་ཁྲི་300ལྷག་ཙམ་ཟིན་ཡོད”ཅེས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་སྤ་རྭ་གྲོང་ཚོའི་གཞི་རིམ་མཁོ་ཚོང་མཉམ་ལས་ཁང་གི་འགན་འཁུར་བ་བདེ་ཆེན་སྒྲོལ་དཀར་གྱིས་གསར་འགོད་པར་ངོ་སྤྲོད་བྱས།
ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གི་མཁོ་ཚོང་མཉམ་ལས་ཁང་ཤང་དང་གྲོང་རྡལ་གྱི་དམངས་ཕན་ཞབས་ཞུའི་ལྟེ་གནས་ཕྱོགས་ཡོངས་ལ་ཁྱབ་པ་དང་མཁོ་ཚོང་མཉམ་ལས་ཁང་གི་ཐད་ཚོང་ལྟེ་གནས་བཙུགས་པ་རེད། “ང་ཚོའི་མཁོ་ཚོང་མཉམ་ལས་ཁང་ཆེད་ལས་མཉམ་ལས་ཁང་དང་ཁེ་ལས་20ལྷག་ཙམ་ནང་ཞུགས་པ་དང་ཐོན་རྫས་སྣ་ཁ་100ལྷག་ཙམ་ཟིན་ཡོད”ཅེས་ཀོང་པོ་རྒྱ་མདའ་རྫོང་མཁོ་ཚོང་མཉམ་ལས་ཁང་གི་ཀྲུའུ་རེན་བྱམས་པ་དངོས་གྲུབ་ཀྱིས་དགའ་སྤྲོའི་ངང་བཤད་པ་དང་མཉམ་ལས་ཁང་དེའི་ཐད་ཚོང་ལྟེ་གནས་ཀྱི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་410ལྷག་ཙམ་ཟིན་ཡོད་པ་རེད།
“བསྐྲུན་ཐུབ་པ་དང་། བརྟན་དུ་གཏོང་ཐུབ་པ། རྒྱུན་མཐུད་ཐུབ་པ། འཕེལ་རྒྱས་གཏོང་ཐུབ་པ”བཅས་ཀྱི་རང་ལྗོངས་ཀྱི་མཁོ་ཚོང་མ་ལག་གིས“ཞིང་པར་ཞབས་འདེགས་ཞུ་བའི”རྩ་བའི་དམིགས་ཡུལ་དམ་བཟུང་གིས་ཞབས་ཞུའི་ནུས་པ་རྒྱ་ཆེར་གཏོང་བ་དང་། ཁེ་ཕན་འབྲེལ་མཐུད་ཀྱི་ལམ་སྲོལ་ཟབ་ཏུ་གཏོང་བ། ཞབས་ཞུའི་གཞི་རྟེན་གསར་གཏོད་བཅས་བྱས་ནས་གཞི་རིམ་ཁང་དེ་མཁོ་ཚོང་མཉམ་ལས་ཁང་གིས“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ཡོད།
དམངས་ལ་ཞབས་འདེགས་ཞུ་བའི་ལས་སྟེགས་བསྐྲུན་པ་བརྒྱུད་རྩ་འཛུགས་དང་དཔལ་འབྱོར་ཐད་ཞིང་འབྲོག་མང་ཚོགས་དབར་ཁེ་ཕན་གྱི་འབྲེལ་བ་དམ་ཟབ་ཆགས་པར་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་བྱས་ཡོད། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་གི་གཞི་རིམ་མཁོ་ཚོང་མཉམ་ལས་ཁང་ལ་གཏན་འཇགས་ཀྱི་ལས་དོན་པ་45དང་གནས་སྐབས་ལས་མི་30ཡོད་པ་དང་འདས་ཟིན་པའི་ལོ་གསུམ་ནང་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་187བྱུང་ཡོད་པ་རེད། ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྨྲི་ཏི་ཁ་ཤང་བལ་རྭ་གྲོང་ཚོས་ཞིང་འབྲོག་པ་དུད་ཚང་68མཉམ་ལས་ཁང་དུ་ཞུགས་ནས་2023ལོར་ཁེ་སྤོགས་སྒོར་ཁྲི་42བགོས་ཡོད།
ཕྱིར་ཚོང་གི་ནུས་པ་ཆེ་རུ་བཏང་བ།
རང་སྐྱོང་ལྗོངས་མཁོ་ཚོང་མཉམ་ལས་ཁང་དང་། མཁོ་ཚོང་མཉམ་ལས་ཁང་གི་ཁོངས་གཏོགས་ཁེ་ལས། གཞི་རིམ་མཉམ་ལས་ཁང་བཅས་ཀྱིས“ཕྱིར་ཚོང”ཐད་འབད་བརྩོན་ལྷོད་མེད་བྱས་ནས་དྲ་ཐོག་དང་དྲ་ཕྱི་གཉིས་ཀར་ཤུགས་བརྒྱབ་སྟེ་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་གི་ཐབས་ལམ་རྒྱ་ཆེར་གཏོང་བར་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། དྲ་ཐོག་ཏུ“832ལས་སྟེགས”གཞི་རྟེན་དུ་བྱས་ཏེ་ལྗོངས་ཡོངས་ཀྱི་མཁོ་སྤྲོད་ཚོང་པ་467དང་ས་མཐོའི་ཞིང་ལས་ཁྱད་ལྡན་ཐོན་ཟོག་ཁག་2480ནང་འདྲེན་བྱས་པ་དང་། 2021ལོ་ནས་བཟུང་རིམ་རྩིས་བརྒྱབ་ན། སྒོར་དུང་ཕྱུར་1.02རི་བའི་ཞིང་ལས་ཁྱད་ལྡན་ཐོན་ཟོག་ཕྱིར་ཚོང་བྱས་པ་དང་ལོར་འཕར་ཚད་33.4%ཟིན་ཡོད། དྲ་ཕྱིར་ས་གནས་ཁག་གིས་བརྒྱུད་ཚོང་ཁང་དང་ཐོན་རྫས་འགྲེམས་སྟོན་ལྟེ་གནས་བཙུགས་ནས་འགྲེམས་སྟོན་དང་འགྲེམས་ཚོང་གི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་སྤུས་ལེགས་ཁྱད་ལྡན་ཐོན་རྫས་ཀྱི་ཁྲོམ་ར་གསར་འབྱེད་བྱས་པ་རེད། ཉིང་ཁྲི་གྲོང་ཁྱེར་གྱི་སྤུས་ལེགས་གྲགས་ཅན་གྱི་ཞིང་ལས་ཁྱད་ལྡན་ཐོན་ཟོག་འགྲེམས་ཚོང་ཁང་གིས་ས་ཁུལ(གྲོང་ཁྱེར)ཁག་གི་ཁྱད་ལྡན་ཐོན་ཟོག་ཕྱིར་ཚོང་བྱེད་རོགས་བྱས་པ་དང་།“ལྷ་སའི་སྤུས་ལེགས་དངོས་ཟོག”དང“མཁོ་ཚོང་ལེགས་འདེམས”སོགས་ཀྱི་སྤུས་རྟགས་གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་ཤང་ཀང་དང་ཨའོ་མོན་དུ་ཆེད་དོན་འོས་སྦྱོར་ཚོགས་འདུ་བདེ་བླག་ངང་འཚོགས་པས་ས་མཐོའི་ཞིང་ལས་ཁྱད་ལྡན་ཐོན་ཟོག་གི་ཟུར་བསྣན་རིན་ཐང་ཆེ་རུ་ཏན་ཏིག་ཕྱིན་ཡོད།
རང་སྐྱོང་ལྗོངས་མཁོ་ཚོང་མཉམ་ལས་ཁང་གི་ཀྲུའུ་རེན་ཀྲང་ཅུན་གྱིས་ང་ཚོས་ལྗོངས་ཡོངས་ཀྱི་མཁོ་སྤྲོད་སྦྲེལ་ཐག་མ་ལག་གཏོད་རྒྱུ་དང་། ཞིང་འབྲོག་ཁུལ་གྱི་ཚོང་དོན་འཁོར་རྒྱུག་མ་ལག་གཏོད་རྒྱུ། གཞི་རིམ་མཉམ་ལས་ཁང་དང་མཁོ་ཚོང་མཉམ་ལས་ཁང་གི་ཁོངས་གཏོགས་ཁེ་ལས་ཀྱིས་ཞིང་པར་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་གཏོང་རྒྱུ་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་པ་དང་ལས་སྒོ་ཁག་རྒྱ་ཆེར་བཏང་ནས་མཁོ་ཚོང་མཉམ་ལས་ཁང་དང་ཞིང་འབྲོག་པའི་ཁེ་ཕན་འབྲེལ་མཐུད་སྔར་བས་དམ་ཟབ་ཡོང་བར་བྱས་ཏེ་ཞིང་འབྲོག་ལས་དེང་རབས་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བཤད་པ་རེད།