གཞིས་རྩེས་རིམ་རྩིས་བྱས་ན་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་134.5བསྐྲུན་པ།
ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱ་རྒྱུ་དེ་བྱ་གཞག་ཁག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞིར་བརྩིས་ནས་གྲོང་ཁྱེར་དེ་ཡོངས་ཀྱི་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་བཏོད་ཡོད། 2019ལོ་ནས་བཟུང་། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་33བཏང་ནས་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་134.5བསྐྲུན་ཡོད་པ་རེད།
ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་གཙོ་གནད་གྲོང་ཁྱེར་ཡིན་པའི་གཞིས་རྩེ་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱ་རྒྱུ་དེ་གྲོང་ཁྱེར་རིམ་པའི་རྣམ་གྲངས་གལ་ཆེན་འགན་ལེན་སྐུལ་འདེད་མ་ལག་ནང་བཅུག་ཡོད། 2023ལོར་གཞིས་རྩེས་ས་ཞིང་མུའུ་ཁྲི་23.36ལེགས་བཅོས་བྱས་པ་དང་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་41.24མང་དུ་བཏང་བ་དང་ལེགས་བཅོས་བྱས་པས། ནས་ཀྱི་སོན་བཟང་ཁྱབ་ཚད་96.46%ཟིན་པ་དང་འབྲུ་རིགས་མུའུ་རེའི་ཐོན་འབབ་རྒྱ་མ་50ནས་100བར་མང་དུ་ཕྱིན་ཡོད་པ་རེད། 2024ལོར་འབྲུ་རིགས་རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་གྱི་ཆུ་ཚད་74.5%ཡན་མཐོ་རུ་ཕྱིན་ཡོད་པ་རེད།
གཞིས་རྩེ་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་ཁྲོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ་དང་མང་ཚོགས་རྣམ་གྲངས་འཛུགས་སྐྲུན་གྱི་ལྟ་སྐུལ་དོ་དམ་ནང་ཞུགས་རྒྱུར་སྐུལ་སློང་བྱས་ཡོད། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱེད་རིང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེ་རུ་ཧུར་ཐག་བཏང་ཞིང་། 2024ལོར་གཞིས་རྩེ་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱེད་རིང་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་5726ཡོང་བར་སྐུལ་ཁྲིད་བྱས་ཡོད་པ་རེད།