དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སི་ཁྲོན་དར་རྩེ་མདོ་གྲོང་ཁྱེར་གྱི་ཐག་རིང་ལུང་ཁུག་ཅེ་ཅུས་ཤང་གི་ཞིང་ཞོར་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བདེ་བླག་ཐུབ་པ།

    གཞུང་ལམ་བདེ་རུ་ཕྱིན་པས་འཚོ་བ་དེ་བས་བདེ་སྐྱིད་ལྡན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-09

    འདི་ནི་ཅེ་ཅུས་ཤང་གི་རྣམ་པ་ཡིན་པ།

    བོད་ལྗོངས་ཉིན་རེའི་ཚགས་པར་དང་སི་ཁྲོན་ཉིན་རེའི་ཚགས་པར་གྱི་ཁྲོན་བོད་གཞུང་ལམ་མཉམ་འབྲེལ་འཕྲིན་སྤེལ་ཚོགས་ཆུང་གིས།

    ཅེ་ཅུས་ཤང་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དར་རྩེ་མདོ་གྲོང་ཁྱེར་གྱི་ལྷོ་ནུབ་ཏུ་ཆགས་པ་དང་། དར་རྩེ་མདོ་གྲོང་ཁུལ་དང་བར་ཐག་སྤྱི་ལེ་212ཡོད། ལྷོ་ངོས་བརྒྱད་ཟིལ་རྫོང་ཧྲང་ཐོན་ཤང་དང་ཉེ་བ་དང་། ནུབ་ངོས་དང་བྱང་ངོས་ཉག་ཆུ་རྫོང་སྤོ་སེར་ཤོད་གྲོང་རྡལ་དང་། ཉ་ཡུལ་ཞབས་ཤང་དང་འབྲེལ་བ། ལྷོ་ནུབ་ནས་སི་ཁྲོན་མུ་ལི་བོད་རིགས་རང་སྐྱོང་རྫོང་ལ་ཤར་བགྲོད་ཐུབ་པས། དེ་ནི་ཀྲོའུ་གཉིས་དང་རྫོང་བཞིའི(གྲོང་ཁྱེར)འབྲེལ་མཚམས་ཤིག་རེད།

    འདི་གར་རི་ཀླུང་འཕྲེད་གཞུང་དུ་གནས་ཤིང་། ཅེ་ཅུས་ཤང་དུ་སྐྱོད་སའི་ལམ་གཅིག་ལས་མེད་པ་དང་། དེའི་ནང་སྤྱི་ལེ་50ཡོད་པའི་ཤང་ལམ་ཀྱག་ཀྱོག་དེ་རི་མཐོ་གྲོག་རོང་ཁྲོད་དུ་གནས་པས་རི་རྡོ་ལྷུང་བའི་གནས་ཚུལ་རྟག་ཏུ་ཐོན་གྱི་ཡོད།

    “དེ་སྔོན་རི་མཐོ་ལ་ལམ་ཐག་རིང་བ་དང་ལུང་ཁུག་ཡིན་པའི་ཁར། ཤང་དུ་སྐྱོད་སའི་སྤྱི་ལེ་བཅུ་ཕྲག་ཁ་ཤས་ཀྱི་ལམ་ཚང་མ་འདམ་རྫབ་ལམ་ཡིན་པ་དང་ཉེན་ཁ་ཧ་ཅང་ཆེ་བས་ཚོང་ཟོག་དབོར་འདྲེན་བྱེད་སྐབས་མིས་སྒལ་པར་འཁྱེར་དགོས་པ་དང་རྟ་ལ་བརྟེན་ནས་དབོར་དགོས་ཀྱི་ཡོད”ཅེས་ཅེ་ཅུས་ཤང་གི་ཤང་ཀྲང་སུང་ཀྲི་ཧུའེ་ཡིས་བརྗོད་པ་དང་། ཁོང་གིས་ཤང་ནས་ཐོན་སའི་ལམ་གཅིག་ལས་མེད་པ་དང“ལུང་ཁུག་སྐྱོ་པོ”དེ་བར་སྐབས་ཤིག་རིང་ཅེ་ཅུས་ཤང་གི་མཚོན་རྟགས་སུ་གྱུར་ཡོད་ཅེས་བརྗོད།

    ཅེ་ཅུས་ཤང་གི་འགྱུར་ལྡོག་དེ་ལམ་ནས་འགོ་ཚུགས་ཡོད།

    ཅེ་ཅུས་ཤང་དུ་ལམ་བཟོ་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན་ཞིང་། ས་བབ་དང་ས་ངོས་ཆགས་ཚུལ་གྱིས་རྐྱེན་པས་རྟག་ཏུ་གཞུང་ལམ་ཡང་སེ་བཟོས་ཀྱང་ཡང་སེ་ཆད་ཀྱི་ཡོད། ལྷག་པར་དུ་དབྱར་ཁ་ཆར་པ་ཐེངས་གཅིག་བབས་ན་སོབ་སོབ་ཆགས་པའི་རི་ཉིལ་ནས་བཟོས་མ་ཐག་པའི་ལམ་འགག་གི་ཡོད།

    2017ལོར། དར་རྩེ་མདོ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་མ་དངུལ་སྒོར་དུང་ཕྱུར་2ཙམ་བཏང་སྟེ། ཅེ་ཅུས་ཤང་གི་ཤང་ལམ་བཟོ་བཅོས་བརྒྱབ་ནས་ལམ་གཞི་བརྟན་དུ་གཏོང་བ་དང་། ལམ་ངོས་ལ་ཨར་འདམ་དང་སྣུམ་ནག་འདིང་བ། ལམ་སྐོར་བརྟན་དུ་གཏོང་བ་སོགས་བྱས་ཡོད། ལོ་གཅིག་ལྷག་ཙམ་བརྒྱུད་སྤྱི་ལེ་50ཡོད་པའི་ཤང་ལམ་བཟོ་བཅོས་ལས་དོན་ལས་མཇུག་འགྲིལ་ཡོད།

    ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས་ཚོང་ཟོག་སྐྱེལ་འདྲེན་ཡང་སྟབས་བདེ་རུ་ཕྱིན་ཞིང་། ཅེ་ཅུས་ཤང་གི་རྨང་གཞིའི་སྒྲིག་བཀོད་འཛུཌ་སྐྲུན་ལས་དོན་འཕྲལ་མར་སྤེལ་ཡོད།  ཁང་པ་རྒྱག་པ་དང་། ཟམ་པ་དང་ལམ་སྐྲུན་པ། ལམ་སྒྲོན་དང་ལམ་བྱང་སྒར་བ། གློག་སྐུད་འཁྲིད་པ་དང་གློག་ཤིང་འཛུགས་པ་སོགས་ཚ་ཚ་འུར་འུར་ངང་བྱས་ནས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཞན་ཆ་ལོ་རེ་བཞིན་བསལ་ཡོད། ཉི་ནུས་ལམ་སྒྲོན་316དང་གློག་ཤུགས་ལམ་སྒྲོན་20སྒྲིག་སྦྱོར་བྱས་ཤིང་། དུད་ཚང་411ལ་གསང་སྤྱོད་གསར་བརྗེ་བྱས་པ་དང་། དུད་ཚང་དུ་སྐྱོད་སའི་ཨར་འདམ་ལམ་བསྐྲུན་ཚད་95%ཟིན་ལ། བདེ་འཇགས་འཐུང་ཆུ་རིམ་སྤོར་སྒྱུར་བཀོད་ཁྱོན་ཡོངས་ལ་ཁྱབ་ཡོད།

    “རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་ཕྱིན་པས། ཕྱིས་འབྱུང་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་གྲོང་མི་ཚང་མས་འཚོ་བ་ཡག་པོ་སྐྱེལ་ཐུབ་པར་བྱེད་ཀྱི་ཡིན”ཞེས་སུང་ཀྲི་ཧུའེ་ཡིས་བརྗོད།

    འགྲོ་ལམ་ལེགས་སུ་ཕྱིན་པ་དང་བསྟུན་ནས་ས་གནས་དེ་གའི་ཀྭ་རིགས་དང་། ཤིང་ཏོག སྔོ་ཚལ་བཅས་རང་ཁ་རང་གསོའི་རྣམ་པར་འགྱུར་ལྡོག་བྱུང་སྟེ། ཐོན་ལས་རིམ་བཞིན་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

    ཅེ་ཅུས་ཤང་གི་མང་ཚོགས་པད་མས་སྔོན་ལ་ཚོད་ལྟ་བྱས་ཤིང་། ཁོང་གིས་སྒོ་འགྲམ་གྱི་རི་ལྡེབས་ས་བབ་སྤྱད་དེ་ཁྱིམ་བྱ་གསོ་ཚགས་བྱས་ཡོད། འདི་གར་ཁྱིམ་བྱ་གསོ་ཚགས་དེ་དར་རྒྱས་ཆེ་བའི་ས་ཁུལ་དུ་གཞི་ཁྱོན་ཅན་གྱི་གསོ་ཚགས་བྱེད་པ་དང་མི་འདྲ་སྟེ། པད་མའི་ཁྱིམ་གྱི་བྱ་དེ་སྟོང་ཕྲག་མང་པོ་ཉིན་ལྟར་རི་ལྡེབས་སུ་གང་དགར་རྒྱུ་ཞིང་། འབྲུ་རིགས་དང་གཟན་ཆག་ཕུད་ད་དུང་རྩྭ་དང་གྲོག་མ་སྟེར་གྱི་ཡོད་པས་བྱ་དེའི་སྒོ་ང་གཞན་དང་མི་འདྲ་བ་ཞིག་ཡོད། པད་མས་ཉིན་ལྟར་དུས་བཀག་བཞིན་སྒོ་ང་དར་རྩེ་མདོ་གྲོང་ཁུལ་དུ་སྐྱེལ་གྱི་ཡོད་ཅིང་། ཁོང་གིས“གྲོང་མིས་སྔ་ས་ནས་དེ་གར་བསྒུགས་ནས་འདུག་པས་འཚོང་མི་ཐུབ་པའི་སེམས་ཁྲལ་གཏན་ནས་མི་འདུག”ཅེས་བརྗོད།

    པད་མའི་གསོ་ཚགས་བྱ་ཐབས་དང་མི་འདྲ་བར། ས་བབ་ཅུང་ཁོད་སྙོམས་པའི་ཅེ་ཅུས་ཤང་སྒོ་པ་གྲོང་ཚོའི་ཡུལ་མིས་ཡུལ་བབ་དང་བསྟུན་ནས་རླམ་རྩྭ་ཕོ་སུལ་འདེབས་ཀྱི་ཡོད།

    2018ལོར་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་ས་ཞིང་མུའུ་གཅིག་ཙམ་དུ་རླམ་རྩྭ་ཕོ་སུལ་ཚོད་འདེབས་བྱས་ཀྱང་འདེབས་འཛུགས་ལག་རྩལ་སོགས་ཀྱིས་རྐྱེན་པས་ཕན་འབྲས་དེ་ཙམ་ཡག་པོ་ཐོན་མེད། དེ་རྗེས། ཡུལ་མི་བསོད་ནམས་དང་སྐལ་བཟང་གཅེན་གཅུང་གཉིས་ཆེད་མངགས་རླམ་རྩྭ་ཕོ་སུལ་འདེབས་འཛུགས་ཀྱི་ལག་རྩལ་སྦྱོང་བར་བསྐྱོད། གྲོང་ཚོར་ལོག་རྗེས་ཁོང་གཉིས་ཀྱིས་ས་ཞིང་མུའུ་30ལྷག་ཙམ་བོགས་མར་བླངས་ནས་སླར་ཡང་རླམ་རྩྭ་ཕོ་སུལ་བཏབ་པ་མ་ཟད། ད་དུང་ཆེད་ལས་མི་སྣ་གྲོང་ཚོར་མཛུབ་ཁྲིད་བྱེད་པར་གདན་དྲངས་ཡོད།

    བསོད་ནམས་དང་སྐལ་བཟང་གཅེན་གཅུང་གཉིས་ཀྱི་སྣེ་ཁྲིད་འོག་མིག་སྔར་ཅེ་ཅུས་ཤང་གི་རླམ་རྩྭ་ཕོ་སུལ་འདེབས་ཁྱོན་མུའུ་300ལྷག་ཙམ་ཟིན་ཞིང་། ཟླ་བཅུ་གཅིག་པར་རླམ་རྩྭ་ཕོ་སུལ་འདེབས་པ་དང་། ཕྱི་ལོའི་ཟླ་གསུམ་པ་ནས་བཞི་པའི་བར་བསྡུ་ཡི་ཡོད།

    རླམ་རྩྭ་ཕོ་སུལ་ཕུད་པའི“དུས་ཚིགས་གཏན་འཁེལ”གྱི་ཐོན་རྫས་སོས་པ་གཞན་ཞིག་གིས་ཀྱང་ཕྱུག་འགྱུར་ཐབས་ལམ་མང་དུ་གཏོང་བཞིན་ཡོད།

    ཟླ་8པའི་ཟླ་མཇུག་ཏུ་བེ་ཤའི་དུས་ཚིགས་མཇུག་འགྲིལ་ཉེར་ཡོད་ཀྱང་། ཚ་ཡུལ་གྲོང་ཚོའི་ཡུལ་མི་ངག་དབང་ལ་ཉིན་ལྟར་བེ་ཤ་སོས་པ་རྒྱ་མ་400ནས་500བར་འབྱོར་གྱི་ཡོད་ཅིང་། ཁོང་གིས“ཉེ་ཆར་རྒྱ་མ་རེར་རིན་གོང་སྒོར་100ཙམ་ཡིན་པ་དང་། འཕར་ཆག་ཆེན་པོ་མི་འདུག”ཅེས་བརྗོད།

    བེ་ཤ་ངེས་པར་དུ་སོས་པ་དགོས་ཤིང་། ངག་དབང་གིས་བེ་ཤ་ཉོ་སྒྲུབ་བྱས་ནས་ལོ་20ལྷག་ཙམ་སོང་བ་དང་། ཁོང་གིས། ཅེ་ཅུས་ཤང་དུ་དེ་སྔོན་འགྲིམ་འགྲུལ་སྟབས་བདེ་མེད་པས་བེ་ཤ་དར་རྩེ་མདོར་དབོར་བར་ཉིན་གཅིག་གཉིས་ཙམ་དགོས་ཀྱི་ཡོད། བེ་ཤ་སོས་པ་རྙིད་ནས་རིན་གོང་ཡང་དམའ་པོ་ལས་རག་གི་མེད། “དེ་སྔོན་དུས་ཚོད་དམ་འཛིན་བྱ་ཆེད། སྐབས་རེ་ཉག་ཆུའི་ཐོག་གི་འབྲེང་ཐག་བརྒྱུད་བེ་ཤ་ཆུ་བོའི་ཕ་རོལ་གྱི་ཉག་ཆུ་རྫོང་དུ་དབོར་ནས་འཚོང་གི་ཡོད”ཅེས་ཕྱིར་དྲན་བྱས།

    ད་ཆ་ལམ་བདེ་རུ་ཕྱིན་པ་དང་བསྟུན་ནས་ཚོང་ཡང་དེ་བས་རྒྱུག་ཏུ་ཕྱིན་ཡོད། ངག་དབང་གིས་བེ་ཤ་ཉོ་སྒྲུབ་བྱེད་པ་དང་ཆབས་ཅིག་རླམ་རྩྭ་ཕོ་སུལ་གྱི་ཚོང་ཡང་རྒྱག་གི་ཡོད་པས་ཡོང་འབབ་ཐབས་ལམ་སྔར་བས་མང་དུ་ཕྱིན་ཡོད། རླངས་འཁོར་བཏང་ནས་ཚོང་ཟོག་སྐྱེལ་འདྲེན་བྱས་ཚེ་ཉིན་གཉིས་པར་ཁྲེང་ཏུའུ་དང་ཁུན་མིང་དུ་སྐྱེལ་ཐུབ་ཅིང་། ངག་དབང་གིས“རླམ་རྩྭ་ཕོ་སུལ་སོས་པ་ཡིན་པས་ཧ་ཅང་བྲིན་པོ་འདུག འདི་ལོར་ངས་བེ་ཤ་ཁོ་ན་རྒྱ་མ་ཁྲི་ཁ་ཤས་ཉོས་པ་ཡིན”ཞེས་དགའ་སྤྲོ་ཆེན་པོས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།