དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཚོ་ལྷོ་ཀྲོའུ་ཡི་རྒྱལ་ཁབ་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་གྱི“གསོན་ཤུགས་རྒྱས་ཚད”རྒྱལ་ཡོངས་ཀྱི་དཔེ་སྟོན་ཁུལ་11གི་ཨང་དང་པོ་ཡིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-12-08

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་11ཚེས་29ཉིན་གསར་འགོད་པར་ཤེས་རྟོགས་བྱུང་བར། མི་རིང་བའི་གོང་། ཀྲུང་གོའི་དུས་རབས་21པའི་གྲོས་རིམ་དོ་དམ་ལྟེ་གནས་ཀྱིས་ཧྲེན་ཀྲེན་དུ《2024ལོའི་རྒྱལ་ཁབ་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་གྱི་ལོ་འཁོར་སྙན་ཞུ》ཡོངས་བསྒྲགས་བྱས་ཤིང་། དཔེ་སྟོན་ཁུལ་11གི་2023ལོ་འཁོར་གྱི་ལས་དོན་སྤེལ་ཚུལ་དང་ཚན་རྩལ་པུའི་ལྟ་ཞིབ་ཚད་ལེན་གཞིར་བཟུང་། དཔེ་སྟོན་ཁུལ་གྱི་གསོན་ཤུགས་རྒྱས་ཚད་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་སྟོན་གྲངས་གཉིས་ནས་དཔེ་སྟོན་ཁུལ་གྱི་ཚོད་སྐོར་སྟོན་གྲངས་མ་ལག་བཏོད་དེ། དཔེ་སྟོན་ཁུལ་ཁག་གི་ལས་དོན་སྤེལ་ཚུལ་ལ་དོན་དངོས་དང་ཚད་འབེབས་ཀྱི་སྒོ་ནས་གདེང་འཇོག་བྱས་པ་རེད། རྒྱལ་ཡོངས་ཀྱི་རྒྱལ་ཁབ་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་11གི་གསོན་ཤུགས་རྒྱས་ཚད་ལ་གདེང་འཇོག་བྱེད་རིང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ལ་སྤྱིའི་གནས་ཚུལ་དང་ལས་དོན་ལ་སྐུལ་འདེད་གཏོང་བའི“ཨང་དང་པོ་གཉིས”ཐོབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་ལྷོ་ཀྲོའུ་ལ་རྒྱལ་ཁབ་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གྲོས་རིམ་གྱི་གསར་གཏོད་དཔེ་སྟོན་ཁུལ་འཛུགས་རྒྱུའི་ཆོག་མཆན་ཐོབ་ཚུན། མཚོ་ལྷོ་ཀྲོའུ་ཡིས“གཙང་ཆུའི་ཆུ་འགོ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས”ཀྱི་བརྗོད་དོན་གཙོ་བོར་དམིགས་ནས། ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་དང་། སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་ལེགས་གཏོང་། སྐྱེ་ཁམས་ཞིང་འབྲོག་ལས་ཀྱི་ལྗང་མདོག་འཕེལ་རྒྱས། དཔལ་འབྱོར་འཕར་གཞི་གསར་པ་སྐྱེད་སྲིང་། སྐྱེ་ཁམས་རིག་གནས་ཡུལ་སྐོར་དམངས་ཕན་སོགས་ཀྱི་བྱ་སྤྱོད་ཆེ་གྲས་ལྔར་སྐུལ་འདེད་ཏན་ཏིག་བཏང་སྟེ། 《མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》གི་འཆར་ཟིན་བཀོད་ནས། ཀྲོའུ་དེའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འགན་ལེན་བྱས་པ་རེད།

    ལོ་འཁོར་གྱི་ལྟ་ཞིབ་ཚད་ལེན་སྙན་ཞུའི་སྤྱིའི་གནས་ཚུལ་ལ་བལྟས་ན། 2023ལོ་ནས་ད་བར། མཚོ་ལྷོ་ཀྲོའུ་ཡི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་སྟོན་གྲངས་73.55ཡིན་ཞིང་། དབུལ་པོ་སེལ་བ་དང་། འཐུང་ཆུ་གཙང་མ་དང་འཕྲོད་བསྟེན་སྒྲིག་བཀོད། གོང་ཁེ་གོ་ཆོད་ཀྱི་ནུས་རྒྱུ་གཙང་མ་བཅས་དང་། དེ་བཞིན་དྲང་གཞག་དང་། ཞི་མཐུན། བསྟུན་མཁས་བཅས་ཀྱི་སྤྱི་ཚོགས་སོགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མང་པོའི་འཕེལ་རིམ་བདེ་བླག་བྱུང་ཡོད། ལྷག་པར་དུ། ནུས་མང་གསབ་རེས་དང་འདུས་གྲུབ་ཕན་ཆེའི་ནུས་རྒྱུ་གཙང་མ་གསར་སྤེལ་གྱི་མ་ལག་གསར་པ་ཧུར་ཐག་བསྐྲུན་པར། ནུས་རྒྱུ་གཙང་མའི་གློག་གཏོང་ཚད་100%མངོན་འགྱུར་བྱུང་ཡོད། འཛམ་གླིང་གི་100%ཡི་ནུས་རྒྱུ་གཙང་མ་གཏོང་འདྲེན་བྱེད་པའི་མཚོ་སྔོན་དང་ཧོ་ནན་གྱི་ཆན་ཧྥུའུ་±800ཡི་ཆེས་མཐོ་གནོན་གློག་གཏོང་ལས་གྲྭ་ཐོག་མ་དང་། འཛམ་གླིང་གི་གཞི་ཁྱོན་ཆེ་ཤོས་ཀྱི་གློག་ཁུངས་ངོས་ཀྱི་ཁྱབ་ཚུལ་རྣམ་པའི་ཚན་སྒྲིག་འཕྲུལ་ཆས་ཐོག་མ་དེ་ཞིབ་འཇུག་གསར་སྤེལ་བྱས་ཏེ། རླུང་དང་འོད་སོགས་གློག་ཤུགས་གཙང་མ་ཕྱིར་གཏོང་དང་གློག་གནོན་བརྟན་པོ་མེད་པའི་གནད་དོན་ཐག་གཅོད་བྱས་པ་རེད།

    མཚོ་སྔོན་ཞིང་ཆེན་གྱི་ཆོག་མཆན་ཐོབ་པའི་གསར་གཏོད་དཔེ་སྟོན་ཁུལ་ཐོག་མ་དང་རྒྱལ་ཡོངས་ཀྱི་མིག་སྔའི་གསར་གཏོད་དཔེ་སྟོན་ཁུལ་གྱི་ཆོག་མཆན་ཐོབ་པའི་མི་རིགས་རང་སྐྱོང་ཀྲོའུ་འབའ་ཞིག་ཡིན་པའི་མཚོ་ལྷོ་ཀྲོའུ་ཡིས་དཔེ་སྟོན་ཁུལ་འཛུགས་རྒྱུ་དེ་ཀྲོའུ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ལས་དོན་གྱི་བཀོད་གཏོང་ཚོགས་འདུའི་ནང་དོན་གྱི་གྲས་སུ་བཅུག་ནས་ཟླ་རེར་བཀོད་གཏོང་བྱེད་ཀྱི་ཡོད་པ་དང་། 《མཚོ་ལྷོ་ཀྲོའུ་ཡི་རྒྱལ་ཁབ་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་སྐྲུན་པའི་ལས་ཀའི་དཔྱད་ཞིབ་བྱ་ཐབས》བཀྲམ་པ། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་རྒྱལ་ཁབ་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་སྐྲུན་པའི་སྐུལ་སྤེལ་ཚོགས་འདུ་འཚོགས་ཏེ། ནུས་རྒྱུ་གཙང་མའི་གསར་གཏོད་གཙོ་ཁྲིད་དུ་བྱས་ནས། ཆུ་དང་། རླུང་། འོད། ས་འོག་ཚ་ནུས། ནུས་གསོག་བཅས་ཕྱོགས་ལྔ་ཁྱབ་པའི་གློག་ཤུགས་མ་ལག་གསར་པ་སྐྲུན་པ་དང་། ལྗང་མདོག་རྩིས་ཤུགས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། “ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་ཤུགས་ཟུང་འབྲེལ”གྱི་ཐོན་ལས་མཉམ་འདྲེས་ཀྱི་འཕེལ་རྒྱས་གཏོང་སྟངས་གཏོད་པ། ལྗང་མདོག་ཐཱན་ཉུང་སོགས་ཀྱི་ལག་རྩལ་དཔེ་སྟོན་ཁུལ་དུ་འདུས་གྲུབ་བཀོལ་སྤྱོད་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། “འོད་ཤུགས་ཐོན་ལས་དང་། སྐྱེ་ཁམས་སྲུང་སྐྱོང་། སྐྱེ་ཁམས་ཞིང་འབྲོག་ལས”བཅས་མཉམ་འདྲེས་འཕེལ་རྒྱས་དང་། “ཕྱོགས་ལྔ་གཞི་གཅིག”གི་ནུས་རྒྱུ་གཙང་མ་འཕེལ་རྒྱས། ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་རིན་ཐང་གཞན་སྒྱུར། མཚོ་བོད་ས་མཐོའི“གྲངས་འཛིན་དང་རིག་གནས་ཡུལ་སྐོར”མཉམ་འདྲེས་འཕེལ་རྒྱས་སོགས་དཔེ་སྟོན་རྣམ་པ་གསར་པ་ཁག་བརྒྱད་ཧུར་ཐག་བཏོད་ནས། གསར་གཏོད་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།