ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་གཞོན་ནུ་ཐར་ཡག
“ཞིང་པ་མི་གསར”གྱིས་ཕུགས་འདུན་དོན་གཉེར་ཧུར་ཐག་བྱེད་པ།
བོད་ལྗོངས་ཉིན་རེའི་ཚགས་པར་དང་སི་ཁྲོན་ཉིན་རེའི་ཚགས་པར་གྱི་ཁྲོན་བོད་ལམ་ཐིག་མཉམ་འབྲེལ་འཕྲིན་སྤེལ་ཚོགས་ཆུང་གིས།
ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་ཟླ་ཤོད་གྲོང་ཚོའི་ཐར་ཡག་གི་ཁྱིམ་དུ་འབྱོར་སྐབས། དར་མ་གཉིས་གསུམ་གྱིས་ཕན་ཚུན་འཐམ་ན་གཞི་ནས་མཐུད་ཐུབ་པའི་སྟར་སྡོང་ཆེན་པོ་ཞིག་ཡོད་པ་དེས་སྒོ་ར་ཕྱེད་ཀ་ཙམ་ཁེངས་ཤིང་། ལོ་ལྟར་དབྱར་དུས་སུ་སྟར་ཁ་མང་པོ་བཏགས་ནས་ཧ་ཅང་མཛེས་པོ་ཡོད་པ་རེད།
ཐར་ཡག་འདི་ལོར་ལོ་29ལ་སླེབས་ཤིང་། ཁོང་འཚར་ལོངས་བྱུང་སའི་ཤང་དེར་ཆུ་མིག་ཆེ་ཆུང་མི་འདྲ་བ་108ཡོད་པས་གང་སར་སྐད་གྲགས་ཆོད་ཡོད། ཡུལ་སྐོར་བ་ཚོ་ཁྲོན་བོད་གཞུང་ལམ་མམ་ཡང་ན་ཡུན་བོད་གཞུང་ལམ་བརྒྱུད་སྨར་ཁམས་རྫོང་དུ་སླེབས་ཚེ་དེ་གར་ཆུ་ཚན་རྒྱག་པར་ཡོང་གི་ཡོད་པ་རེད།
“ཕོ་གསར། ཁྱེད་ཀྱི་ཕ་ཡུལ་ཧ་ཅང་མཛེས་པོ་འདུག”ཐར་ཡག་གི་ཁྱིམ་དུ་ཡོང་མཁན་ཡུལ་སྐོར་བ་ཚོས་རྟག་ཏུ་དེ་ལྟར་བསྔགས་བརྗོད་བྱེད་ཀྱི་ཡོད་པ་རེད།
ཡིན་ན་ཡང་ཐར་ཡག་ཆུང་དུས་སྐབས་དེ་གར་ཡོང་མཁན་ཡུལ་སྐོར་བ་མང་པོ་དེ་འདྲ་མེད། རྒྱུ་རྐྱེན་གཅིག་ནི་འགྲིམ་འགྲུལ་སྟབས་བདེ་མེད་པས་རེད། སྐབས་དེ་དུས་ཐར་ཡག་དང་ཁོང་གི་ཕ་མ་གཉིས་སྤྱི་ལེ་100ཆོད་པའི་རྫོང་གྲོང་དུ་ཐེངས་གཅིག་ཕྱིན་ན་ཉིན་གཅིག་འགོར་གྱི་ཡོད། དེ་བས་གྲོང་མི་ཚོས་སོ་སོའི་ཞིང་ཁ་བསྲུངས་ནས་འཚོ་བ་སྐྱེལ་གྱི་ཡོད་པ་དང་ན་གཞོན་ཚོ་ལུང་ཤུར་དེ་ནས་ཐོན་འདོད་བྱེད་ཀྱི་ཡོད་པ་རེད།
2012ལོར། ཐར་ཡག་བོད་ལྗོངས་སློབ་ཆེན་དུ་རྒྱུགས་འཕྲོད་པས་ཆུ་ཚན་ཁ་ཤང་ནས་ཐོན་ཏེ་ལྷ་སར་བསྐྱོད་པ་རེད། 2016ལོར་ཐར་ཡག་སློབ་ཆེན་ཐོན་ཞིང་། ཁོང་གི་སློབ་གྲོགས་ཁྲོད་ནས་ཁ་ཤས་གཞུང་ཞབས་པའི་ཡིག་རྒྱུགས་ལ་ཞུགས་པ་དང་ཁ་ཤས་ཁེ་ལས་ཆེ་གྲས་ཁག་ཏུ་ལས་ཀར་ཕྱིན་ཡོད་པ་རེད།
ཐར་ཡག་སློབ་གྲྭ་ནས་ཐོན་པའི་ལོ་དེར། ཆུ་ཚན་ཁ་ཤང་དེ་ཉིད་ལྗོངས་ཡོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་གྱི་དཔེ་སྟོན་ས་ཚིགས་ཁག་དང་པོའི་གྲས་སུ་ཚུད་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་9.8བཏང་བས། གང་སར་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱས་ནས་དེ་སྔའི་ས་རྡོའི་ལམ་ཚང་མ་སྣུམ་ནག་ལམ་དུ་གྱུར་པ་དང་སྦྲགས། ཆུ་ཚན་གསོལ་མགྲོན་ཁང་དང་། ཁྱད་ལྡན་ཟ་ཁང་། སྒོ་རྩིས་ཚོང་ཁང་། སྦྲག་སྲིད་ཅུས། དངུལ་ཁང་སོགས་ཀྱང་བཙུགས་པ་རེད།
མཛེས་སྡུག་ལྡན་པའི་ལུང་ཤུར་མཛེས་ལྗོངས་དང་། སྤུས་ཀ་ལེགས་པའི་ཆུ་ཚན་ཐོན་ཁུངས། སྟབས་བདེ་བའི་འགྲིམ་འགྲུལ་གྱི་ཆ་རྐྱེན། འཐུས་སྒོ་ཚང་བའི་རྨང་གཞིའི་སྒྲིག་བཀོད་བཅས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། ཡུལ་སྐོར་བ་མང་པོ་ཡོང་ནས་ཚོང་ལས་ཀྱི་གོ་སྐབས་བྱུང་བས་ཡུལ་མི་ཚོའི་ཕྱུག་འགྱུར་ལམ་བུ་དེ་བས་ཡངས་སུ་ཕྱིན་ནས་ཚོང་ཁང་འཛུགས་པ་དང་། ཁྱད་ལྡན་ཐོན་རྫས་འཚོང་བ། དམངས་སྲོལ་གནས་ཚང་གཉེར་བ། བཟའ་བཏུང་ཞབས་ཞུ་གཉེར་བ་སོགས་བྱས་པས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་ཕྱིན་ཡོད་པ་རེད།
2019ལོར། ཐར་ཡག་གིས་ལས་ཀ་རྩ་དགོངས་ཞུས་ནས་ཆུ་ཚན་ཁ་ཤང་དུ་ལོག་རྗེས་དེ་གའི་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཞིང་པའི་སྤྲོ་སྐྱིད་ཁང་ཞིག་གཉེར་རྒྱུའི་སེམས་ཐག་བཅད་པར་ནང་མི་ཚོས་རྒྱབ་སྐྱོར་ཆེན་པོ་བྱས་ནས་སྒོར་ཁྲི་བཅུ་ཕྲག་ཁ་ཤས་བཏོན་པའི་ཁར་ས་གནས་དེ་གའི་སྲིད་གཞུང་གིས་ལས་གཏོད་ཁ་གསབ་མ་དངུལ་སྒོར་ཁྲི་6སྤྲད་པ་རེད།
ཐར་ཡག་ཡིད་ཆེས་དང་ངར་ཤུགས་ཀྱིས་ཁེངས་བཞིན་ཨ་ཕ་དང་མཉམ་དུ་དེ་སྔའི་སྡོད་ཁང་གསར་སྐྲུན་བྱས་པ་མ་ཟད་ད་དུང་ཐབ་ཚང་དང་ཟ་ཁང་རྒྱས་སྐྲུན་དང་། མེ་ཏོག་ལྡུམ་ར་བསྐྱར་སྐྲུན། ཆུ་རྐྱལ་རྫིང་བུ་སྐྲུན་པ། ལྡིང་ཁང་རྒྱག་པ། འབྲས་ཤིང་འཛུགས་པ། མེ་ཏོག་འདེབས་པ་སོགས་ཀྱང་བྱས་ཤིང་། ལོ་གཅིག་ལྷག་གི་རྗེས་སུ་ཕ་བུ་གཉིས་ཀྱི“ལུང་རིང་ཚང”ཞིང་པའི་སྤྲོ་སྐྱིད་ཁང་དངོས་སུ་སྒོ་ཕྱེ་ནས་མགྲོན་པོ་བསུ་འགོ་ཚུགས།
“ཐག་རིང་ནས་ཡོང་བའི་ཡུལ་སྐོར་བ་ཚོས་ངའི་སྤྲོ་སྐྱིད་ཁང་དུ་ང་ཚོའི་འཚོ་བ་སྐྱེལ་སྟངས་ལ་དངོས་སུ་མྱོང་རོལ་བྱེད་ཐུབ། ཞིང་པའི་སྤྲོ་སྐྱིད་ཁང་གཉེར་བའི་གདམ་ག་འདི་ཧ་ཅང་ཡག་པོ་ཞིག་རེད་བསམ་གྱི་འདུག”ཅེས་ཐར་ཡག་རང་ཉིད་ཀྱི་བྱ་གཞག་ཆུང་ངུར་ཧ་ཅང་མོས་པོ་བྱུང་ཡོད་པ་རེད།
ཐར་ཡག་གིས་ཚོང་ཡག་པའི་སྐབས་སུ་ཉིན་གཅིག་ལ་མགྲོན་པོ་བརྒྱ་ཉིས་བརྒྱ་ཙམ་ཡོད། མི་ཁོམ་པའི་སྐབས་ཁོང་གིས་ཡུལ་མི་རྣམས་རོགས་པ་བྱེད་པར་སྐད་གཏོང་གི་ཡོད་པ་དང་། ཉིན་གཅིག་ལ་མི་རེར་གླ་ཆ་སྒོར་200སྤྲོད་ཀྱི་ཡོད། 2023ལོར་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་ཏེ་ཡོང་འབབ་གསོག་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། གུང་གཞོན་སྡེ་ཚོགས་སྨར་ཁམས་རྫོང་ཨུད་ཀྱིས་ད་དུང་ཁོང་གི་ཞིང་པའི་སྤྲོ་སྐྱིད་ཁང་ལ“གཞོན་ནུའི་ལས་གཏོད་དཔེ་སྟོན་གླིང”གི་གཟི་བརྗིད་མཚན་སྙན་སྤྲད་ཡོད།
ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འགུགས་པ་དང་ཞིང་པའི་སྤྲོ་སྐྱིད་ཁང་ཡུན་རིང་འཕེལ་རྒྱས་བརྟན་པོ་གཏོང་ཆེད། ཐར་ཡག་གིས་ཕྱོགས་གཅིག་ནས་བརྙན་ཐུང་ལས་སྟེགས་བརྒྱུད་ཕ་ཡུལ་གྱི་མཛེས་ལྗོངས་དང་། དམངས་སྲོལ། ཁྱད་ལྡན་ཐོན་རྫས་བཅས་འོས་སྦྱོར་བྱེད་པ་མ་ཟད། རང་ཉིད་ཀྱི་ཞིང་པའི་སྤྲོ་སྐྱིད་ཁང་ཡང་དྲིལ་བསྒྲགས་བྱེད་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་ཁོང་གིས་ཐོག་སོ་གཉིས་པའི་སྡོད་ཁང་དེ་དམངས་སྲོལ་གནས་ཚང་དུ་སྒྱུར་བཀོད་བྱས་རྗེས་ཆུ་ཚན་གྱི་ཆུ་དྲངས་ནས་ཞིང་པའི་སྤྲོ་སྐྱིད་ཁང་རིམ་སྤོར་བྱས་པ་རེད།
འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་པའི་ཐར་ཡག་གིས“ངའི་ཁྱིམ་དང་བར་ཐག་སྤྱི་ལེ་6ཙམ་ཡོད་པའི་ལོ་ངོ་སྟོང་གི་གནའ་བོའི་ཚྭ་ཞིང་དུ་A5རིམ་པའི་མཛེས་ལྗོངས་ཁུལ་གཏོད་བཞིན་ཡོད་པ་དང་། ཤང་སྲིད་གཞུང་གིས‘འཇང་མི་རིགས་ཤང་དུ་ལྗོངས་རྒྱུ་བྱེད། ཆུ་ཚན་ཁ་རུ་ཟ་སྡོད་བྱེད་པའི’ཡུལ་སྐོར་ཐོན་ལས་མཉམ་འབྲེལ་འཕེལ་རྒྱས་ཀྱི་བསམ་ཕྱོགས་བཏོན་ཡོད་པས་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བ་མ་ཟད། ཡུལ་མི་ཚོའི་འཚོ་བའང་ཇེ་ཡག་ཏུ་འགྲོ་རྒྱུ་རེད”ཅེས་བརྗོད།
སླར་ཡང་ཕ་ཡུལ་དུ་ལོག་ཡོང་བའི་གཞོན་ནུ།
ཐར་ཡག་ནི་ཉེ་བའི་ལོ་ཤས་རིང་ཕ་ཡུལ་དུ་ལོག་སྟེ་ལས་གཏོད་བྱེད་མཁན་བོད་ཀྱི་ཞིང་འབྲོག་ཁུལ་གྱི་གཞོན་ནུ་མང་པོའི་ཁྲོད་ཀྱི་གྲས་ཤིག་རེད། བརྙན་འཕྲིན་འཁྲབ་ཚན་ནང་གི་དཀའ་སྤྱད་འབད་འཐབ་བྱས་ནས་འཕོ་འགྱུར་ཆེན་པོ་བྱུང་མཐར་གྲུབ་འབྲས་ཐོབ་མཁན་ལྟ་བུ་ཞིག་མིན་རུང་། གྲོང་གསེབ་ཏུ་ཡུལ་མི་ཚོ་དང་མཉམ་དུ་འདུ་ཤེས་དང་གཉེར་སྐྱོང་བྱེད་སྟངས་དེ་བས་ཡག་པོ་སྤྱད་དེ་འཚོ་བ་ཇེ་ལེགས་སུ་གཏོང་མཁན་ཡིན།
སླར་ཡང་ཕ་ཡུལ་དུ་ལོག་ཡོང་བའི་གཞོན་ནུ་དེ་དག་གིས་གྲོང་ཁྱེར་གྱི་འཚོ་བ་དོར་ནས་གྲོང་གསེབ་ཏུ་ལོག་སྟེ་མཉམ་ལས་ཁང་གཉེར་བ་དང་། དམངས་སྲོལ་གནས་ཚང་གཉེར་བ། ཀོག་ཧྥེ་ཁང་འཛུགས་པ། ཡུལ་སྐོར་སྣེ་ཤན་པ་བྱེད་པ། ཁྱད་ལྡན་ཐོན་རྫས་འཚོང་བ་སོགས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ཐོག་ནས་བྱ་གཞག་གཏོད་པའི་ལམ་བུར་བསྐྱོད་དེ་དྲང་ནུས་དང་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་ཞིང་འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་དང་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད།
མ་གཞི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུ་ནི་གཞོན་ནུ་ཚོའི་གདམ་ག་འབའ་ཞིག་དེ་མིན་མོད། ཡིན་ནའང་ཐར་ཡག་གི་མིག་ནང་དུ་རྒྱ་ཆེའི་ཞིང་འབྲོག་ཁུལ་ནི་རང་གི་ནུས་ཤུགས་འདོན་ས་དང་ཕུགས་འདུན་མངོན་འགྱུར་བྱེད་ས་ཞིག་ཡིན་པས། ཡུལ་མི་ཚོའི་སྣེ་ཁྲིད་དེ་མཉམ་དུ་འབད་འཐབ་བྱེད་རིང་རང་ཉིད་ཀྱི་རིན་ཐང་མངོན་འགྱུར་ཐུབ་ཁར། རང་ཉིད་ཀྱི་བདེ་སྐྱིད་ཀྱང་འཚོལ་ཐུབ།